འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་གསར་པ་འདེམས་ཐོན་བྱུང་ཡོད་འདུག

འབྲུག་རྒྱལ་ཁབ་ནང་གི་མི་མང་སྲིད་དོན་ཚོགས་པ་ཟེར་བ་དེ་ཉེ་ཆར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས་སྲིད་བློན་ཟུར་པ་ཚེ་རིང་སྟོབས་རྒྱལ་ཟེར་བ་ཁོང་བསྐྱར་དུ་སྲིད་བློན་ལ་འདེམས་ཐོན་བྱུང་ནས་སྲིད་བློན་གྱི་དུས་ཡུན་གཉིས་པ་དེ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་༡༠ ཉིན་(Hindustan Times ) ཧིན་དྷུའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་འབྲུག་རྒྱལ་ཁབ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱས་ཡོད་འདུག་པ་དང་། ཐེངས་འདིའི་འོས་བསྡུའི་ནང་མི་མང་སྲིད་དོན་ཚོགས་པ་ཟེར་བ་དེ་ལ་གྲོས་ཚོགས་ནང་རྐུབ་ཅག་༤༧ ནས་༣༠ ཐོབ་ནས་མང་མོས་ཐོག་སྲིད་བློན་ཐེངས་གཉིས་པ་དེ་གནང་རྒྱུ་བྱུང་ཡོད་འདུག ཁོང་སྲིད་བློན་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༣ ནས་༢༠༡༨ བར་གནང་མྱོང་འདུག ད་ཆར་འབྲུག་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་འདུག་པར་བརྟེན། འཛམ་གླིང་དངུལ་ཁང་གིས་འབྲུག་ནང་གི་དཔལ་འབྱོར་གྱི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་མི་མང་ཁྲོད་ལས་མེད་ཀྱི་བརྒྱ་ཆ་༢༩ ཡིན་པར་བརྗོད་པ་དང་། འདས་པའི་ལོ་ལྔའི་ནང་ཆ་སྙོམ་གྱི་ལས་མེད་ཀྱི་བརྒྱ་ཆ་ནི་༡་༧ ཡིན་པར་བརྗོད་འདུག ཆ་སྙོམ་མི་བརྒྱད་ཀྱི་ཁྲོད་ནས་མི་གཅིག་ལ་གཞི་རྩའི་དགོས་མཁོའི་ཆ་རྐྱེན་མེད་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་དངོས་སུ་སང་ཉིན་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་པ་འབྲུག་པའི་འོས་བསྡུ་ལྷན་ཁང་གིས་བརྗོད་ཡོད་འདུག འོས་བསྡུ་འདིའི་ཁྲོད་སྲིད་དོན་ཚོགས་པ་ཕན་ཚུན་བར་འབྲུག་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཐོག་གླེང་སློང་ཆེན་པོ་བྱུང་ཡོད་འདུག་ལ། མ་འོངས་པར་དཔལ་འབྱོར་སླར་གསོ་བྱེད་རྒྱུ་གལ་ཆེན་ཡིན་པ་སྲིད་དོན་ཚོགས་པ་ཚང་མས་བརྗོད་ཡོད་འདུག འབྲུག་ནང་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ཡུལ་སྐོར་སྤྲོ་འཁྱམ་དང་། ཆུ་གློག་ཐོན་ཁུངས་གཉིས་ཡིན་འདུག འཛམ་གླིང་རྒྱལ་ཁབ་གཞན་པའི་ནང་ཐོན་ཁུངས་ཡོང་འབབ་བརྩི་སྲོལ་(GDP)ཟེར་བ་ཞིག་ཡོད་ཀྱང་། འབྲུག་ནང་དེ་དང་མི་འདྲ་བ་(Gross National Happiness)ཟེར་བ་བདེ་སྐྱིད་གང་འདྲ་ཡོད་མིན་གྱི་གྲངས་རྩིས་(རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་)ཟེར་བ་ཞིག་ཡོད་འདུག་པ་དང་། དེའི་ཐོག་ནས་མི་མང་ཁྲོད་བདེ་སྐྱིད་ག་ཚོད་ཡོད་མི་རྩི་གི་ཡོད་འདུག གྲངས་ཐོ་དེའི་ནང་གཟུགས་གཞི་བདེ་ཐང་དང་། སྤྱི་ཚོགས་ཁྲོད་བདེ་སྐྱིད་ཡོད་མེད། སེམས་ཁམས། འཕྲོད་བསྟེན། ཁོར་ཡུག་བཅས་ཀྱི་ཐོག་ནས་བརྩི་སྲོལ་ཡོད་འདུག ཚེ་རིང་སྟོབས་རྒྱལ་ཟེར་བ་ཁོང་ཕྱི་ལོ་༢༠༠༨ ལོར་འབྲུག་ནང་དམངས་གཙོའི་ལམ་ལུགས་ཐོག་བསྒྱུར་དུས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཡིན་འདུག་ལ། ད་ཆར་ཁོང་རང་ལོ་༥༨ ཡིན་འདུག ཁོང་ནི་འཕྲུལ་རིགས་ཐོག་སློབ་སྦྱོང་བྱེད་མྱོང་ཡོད་འདུག་ལ། ཕྱིས་སུ་ཨ་རིའི་ཧ་ཝར་གཙུག་ལག་སློབ་ཆེན་ནང་འཛིན་སྐྱོང་རིག་པའི་ཐོག་སློབ་སྦྱོང་བྱེད་མྱོང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།