འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཝུ་ཧན་བརྟག་དཔྱད་ཁང་གི་གནས་ཚུལ་མཁོ་སྤྲོད་དགོས་སྐོར་བརྗོད་འདུག 

ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དཔྱད་ཞིབ་ལས་དོན་གྱི་རིམ་པ་གཉིས་པ་དང་འབྲེལ་ནས། རྒྱ་ནག་གཞུང་གིས་དཔྱད་ཞིབ་པ་རྣམས་ལ་མཐུན་འགྱུར་དང་ཡ་ལན་ཡག་ཏུ་གཏོང་དགོས་པ་དང་། ཝུ་ཧན་གྲོང་ཁྱེར་གྱི་བརྟག་དཔྱད་ཁང་གི་སྐོར་གནས་ཚུལ་གསལ་པོ་མཁོ་སྤྲོད་དགོས་སྐོར་བརྗོད་འདུག 

ཟླ་༧ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༢ པའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཏོག་དབྱིབས་ནད་དུག་འབྱུང་ཁུངས་དཔྱད་ཞིབ་བྱེད་པའི་རིམ་པ་དང་པོ་མཇུག་བསྒྲིལ་ཡོད་པ་དང་། གྲུབ་དོན་དུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེ་བརྟག་དཔྱད་ཁང་མིན་པའི་ངེས་པ་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད་དེ། ཚེས་༡༥ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་ལ་ཕྱི་གསལ་ནང་གསལ་དང་གནས་ཚུལ་དཔྱད་ཞིབ་ཆེད་དུ་མཐུན་འགྱུར་ཡག་ཏུ་གཏོང་དགོས་སྐོར་བརྗོད་ནས། དཔྱད་ཞིབ་རིམ་པ་དང་པོའི་སྐབས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོ་མ་བཙུགས་ཙམ་གྱི་སྔོན་དང་འགོ་འཛུགས་བྱས་པའི་སྐབས་ཀྱི་ནད་པའི་གནས་ཚུལ་བཅོས་འགྱུར་མ་བྱས་པའི་ཐོག་མ་རྣམས་རྒྱ་ནག་གིས་མཁོ་སྤྲོད་བྱས་མེད་པས། དཔྱད་ཞིབ་རིམ་པ་གཉིས་པའི་སྐབས་སུ་གནས་ཚུལ་དེ་རྣམས་མཁོ་སྤྲོད་དགོས་སྐོར་བརྗོད་འདུག 

དེ་བཞིན་ཁོང་གིས་ཝུ་ཧན་གྲོང་ཁྱེར་ནང་གི་ནད་འབུ་བརྟག་དཔྱད་ཁང་གི་གནས་ཚུལ་གསལ་པོ་མཁོ་སྤྲོ་དགོས་པ་དང་། རང་ཉིད་འཕྲོད་བསྟེན་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས། ནོར་འཁྲུལ་རིགས་ཤོར་རྒྱུ་ཡོད་པ་ཤེས་ཀྱི་ཡོད་སྐོར་བརྗོད་འདུག ཁོང་གི་སྐད་ཆ་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ད་དུང་ཡང་ཏོག་དབྱིབས་ནད་དུག་དེ། བརྟག་དཔྱད་ཁང་ནས་ཐོན་པ་ཡིན་པའི་བཤད་ཚུལ་ལ་བསམ་ཞིབ་བྱེད་བཞིན་པའི་བརྡ་བསྟན་པ་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་མཇུག་བསྒྲིལ་གྱི་ཡོད་པའི་བསམ་བློ་གཏོང་མི་ཉན་པ་དང་། ཏོག་དབྱིབས་ནད་འབུའི་རིགས་ཉེན་ཚབས་ཆེ་བ་མང་པོ་ཞིག་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཁར། དེང་གི་ཆར་བདུན་ཕྲག་གཅིག་ནང་གླིང་ཕྲན་ཨ་ཧྥེ་རི་ཀའི་ནང་དུ་ཏོག་ནད་དང་འབྲེལ་ནས་ཚེ་སྲོག་ཤོར་མཁན་གྱི་བརྒྱ་ཆ་༤༣ འཕར་ཡོད་སྐོར་བརྗོད་འདུག 

ཟླ་༦ པའི་ཟླ་མཇུག་ནས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་གི་ཁ་གྲངས་བསྐྱར་དུ་འཕར་འགོ་བཙུགས་ཡོད་ཁར། དེ་སྔོན་ཏོག་ནད་སྔོན་འགོག་ལས་དོན་གྲུབ་འབྲས་ཐོན་ཡོད་པར་ངོས་འཛིན་བྱེད་ཡུལ་ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་ནང་དུ། ཏོག་ནད་ཀྱི་ཁྱབ་གདལ་འཕར་ནས་གྲོང་ཁྱེར་ཆེ་བ་ཁག་ཅིག་ཁྱིམ་སྡོད་བཀའ་རྒྱ་འོག་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།