འོས་དགོས་ན་བོད་བསྟན་སྲིད་དང་འབྲེལ་བའི་ཆ་རྐྱེན་དྲུག་བསྒྲུབ་དགོས།

སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གི་རྒྱབ་སྐྱོར་བ་ཁག་གཅིག་ནས།

དེ་ཡང་འགྲོ་བ་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལམ་ལུགས་མང་དག་ཡོད་པ་ལས། རྒྱལ་པོའི་རིང་ལུགས་དང་དམར་པོའི་རིང་ལུགས་ལྟ་བུ་ནི་ད་ལྟ་འཛམ་གླིང་ས་སྟེང་འདི་ནས་ཧ་ལམ་ཡལ་ཟིན་པ་རེད། ད་ལྟའི་ཆར་འཛམ་གླིང་འདིར་ཆབ་སྲིད་ཀྱི་ལམ་ལུགས་གྲགས་ཆེ་ཤོས་དང་ཡག་ཤོས་ནི་དམངས་གཙོའི་ལམ་ལུགས་དེ་ཡིན་པར་བརྟེན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདག་ཅག་བོད་འབངས་རྣམས་ལ་དམངས་གཙོའི་ལམ་ལུགས་གསོལ་རས་སྩལ་ནས།ད་ཆ་གཞི་རྟེན་ལེགས་པར་ཆགས་ནས་ཡོད་པ་ནི་དགའ་བའི་གནས་ཁོ་ན་ཡིན། དམངས་གཙོའམ་མང་གཙོ་ཞེས་པར་སྤྱིར་མཐོ་གོ་ས་སོགས་གང་ཡང་མེད་པའི་མི་དཀྱུས་མ་ཞིག་མི་མང་ནས་མི་དེ་ཡོན་ཏན་ཅན་དང་། ཡ་རབས་བཟང་སྤྱོད་དང་ལྡན་པར་མཐོང་ན། དེ་ཉིད་མི་དམངས་ཀྱི་དབུ་ཁྲིད་དུ་འདེམས་ཆོག་པ་ཡིན་ལ། དེ་ནི་དམངས་གཙོའི་ཁྱད་ཆོས་ཞིག་ཀྱང་ཡིན། འོན་ཀྱང་དམངས་གཙོའི་འགྲོ་ལུགས་ལེགས་པར་མི་ཤེས་པའི་དབང་གིས། མི་མང་གི་དགའ་མོས་ཡོད་པའི་མི་དེ་ནམ་ཞིག་ཆབ་སྲིད་ཀྱི་དབུ་ཁྲིད་ཏུ་གྱུར་ཟིན་ན། དེས་གང་བྱས་ཚད་རྒྱན་དང་། གང་བཤད་ཚད་གཏམ་དུ་འདོད་དགོས་སྙམ་མཁན་ད་ལྟའང་རང་རེའི་སྤྱི་ཚོགས་ནང་མང་དག་ཡོད། དེ་ཡང་དུས་དང་གནས་སྟངས་གང་གི་ཚེའང་མང་མོས་ཀྱི་ལམ་ནས་འདེམས་སྒྲུག་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་བྱེད་རྒྱུའི་ཆེད་དུ་བདམས་པ་ནི་འགོ་ཁྲིད་དེ་དག་ནས་གཏན་ནས་བརྗེད་དུ་མི་རུང་ལ། མི་མང་ནས་ཀྱང་དེ་བས་བརྗེད་དུ་ག་ལ་རུང་།                                                                                                                                    མང་གཙོའི་ལམ་ལུགས་འདིར་མི་མང་གིས་བདམས་པའི་སྲིད་སྐྱོང་དེས་ཚུལ་མཐུན་མ་བྱས་ན་མི་མང་གིས་དེ་ལ་སྐྱོན་བརྗོད་བྱས་ན་ཡང་བྱ་རྒྱུའི་རང་དབང་ཆ་ཚང་ཡོད། གཞུང་གི་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོའི་གྲོས་ཚོགས། དེ་བཞིན་ཁྲིམས་ལ་སྟངས་འཛིན་བྱེད་མཁན་གྱི་ཁྲིམས་ཁང་ལ་ཡང་སྐྱོན་བརྗོད་བྱེད་ཆོག་ཀྱང་། དེ་དག་ཡག་པོ་བྱུང་ན་བསམས་ནས་སྐྱོན་བརྗོད་བྱེད་དགོས་པ་ལས། བོད་གཞུང་དམངས་གཉིས་དགྲ་བོར་བཟུང་ནས་སེམས་རྙོག་པས་ཀུན་ནས་བསླངས་ཏེ་སྐྱོན་བརྗོད་བྱས་ན་དེ་ནི་བོད་མི་སུས་ཀྱང་བཟོད་ཐབས་དང་བྲལ་བ་ཞིག་ཡིན། དེ་ཡང་ང་ཚོས་ཡུལ་ལུང་དང་ཆོལ་ཁའི་ཕྱོགས་རིས་སྐམ་པོ། སྙིང་རྗེ་གོ་ལོག་དང། ཕྱོགས་གཞན་ལ་འགྲན་རྩོད་ཀྱི་རྣམ་འགྱུར་སྟོན་རྒྱུ་སོགས་ཆུང་ཚག་གི་གནས་

ཚུལ་རྣམས་གཙོ་བོར་མ་བཟུང་བར། ཆེ་ས་བོད་བསྟན་སྲིད་སྤྱི་དང་། ལྷག་པར་ད་ལྟའི་གནས་སྟངས་ལ་གཞིགས་ཏེ་བོད་མིའི་ཆིག་བསྒྲིལ་སླར་གསོ་དང་གོང་འཕེལ་གྱི་བསྒྲུབ་བྱ་གཙོ་བོར་བཟུང་ནས། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་སྲིད་སྐྱོང་ལ་བཞེངས་རྒྱུའི་རེ་འདོད་ཞུས་པ་ནི། རྒྱབ་སྐྱོར་དང་རེ་བ་ཞུ་ས་མ་ནོར་བ་ཡིན་པ་གཟུར་གནས་ཀུན་གྱིས་མཐོང་ཆོས་ལྟར་ཡིན།

ད་ཆ་ང་ཚོས་སེམས་ལ་བཅངས་པའི་གང་ཟག་དེ་སྲིད་སྐྱོང་དུ་ཕེབས་རྒྱུའི་རེ་བ་མེད་ཀྱང་། ང་ཚོས་བཅངས་པའི་མངོན་འདོད་དེ་དག་གཏན་ནས་བསྒྲུབ་རྒྱུའི་རེ་བ་མེད་པ་མིན། དེ་ཡང་དངོས་གཞིར་འོས་སུ་ལ་འཐོབ་མིན་ནི་གཙོ་བོ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གི་རྒྱབ་སྐྱོར་བའི་འོས་གྲངས་ཁྲི་གཅིག་ཙམ་དེ་ལ་རག་ལས་པ་མང་པོས་གླེང་བཞིན་ཡོད་ལ། དོན་ལ་ཡང་དེ་ལྟར་གནས་པས་དགའ་སྤོབས་བྱེད་འོས་པ་ཡིན། དེས་ན་སྐུ་ངོ་འབྲོང་ཆུང་མཆོག་གི་རྒྱབ་སྐྱོར་བ་མང་པོས་གྲོས་མོལ་གྱི་ལམ་ནས་བསམ་པ་གཅིག་མཐུན་བྱུང་སྟེ། ང་ཚོའི་འོས་ཤོག་གི་ཆ་རྐྱེན་དུ་བསྒྲུབ་དགོས་རྒྱུའི་དོན་ཚན་རྣམས་འདོན་རྒྱུའི་ཐག་གཅོད་བྱས་པ་ཡིན།

དམ་བཅའ་གསུམ་དང་ཞལ་བཞེས་གསུམ།

དམ་བཅའ་གསུམ།

༡༽ བོད་རྒྱ་ཆེའི་མི་མང་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཡིན་ཞིང་། མགོན་པོ་གང་ཉིད་ནི་བོད་མི་རིགས་ཀྱི་བླ་སྲོག་དང་ངེས་པ་དོན་གྱི་དབུ་ཁྲིད་ཀྱང་ཡིན་པར་བརྟེན། བོད་ཀྱི་སྲིད་སྐྱོང་གསར་པ་བྱེད་པར་འདོད་པ་དེས།༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཐུགས་མི་ཕམ་པ་དང་། བོད་ཀྱི་ཆོས་སྐྱོང་རྣམ་པ་ཞེ་མི་ཁྲེལ་བའི་དམ་བཅའ་བརྟན་པོ་ཞིག་འོས་ཤོག་གི་དྲིལ་བསྒྲགས་ཀྱི་སྐབས་སུ་གནང་དགོས་པ་མ་ཟད། སྲིད་སྐྱོང་གི་དམ་བཅའི་མཛད་སྒོའི་སྐབས་སུ་ཡང་ངེས་པར་དུ་མནའ་སྐྱེལ་དམ་འཇོག་གནང་དགོས།(འདི་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་དྲ་ལམ་བརྒྱུད་དངོས་སུ་ཞལ་བཞེས་གནང་བའི་དམ་བཅའ་ཀུན་གྱི་མིག་དཔེར་འོས་པ་ཞིག་ཀྱང་ཡིན།)

༢༽ བོད་ཀྱི་བདེན་དོན་སྒྲུབ་པའི་ཐབས་ལམ་ནི་གཉིས་ཕན་དབུ་མའི་ལམ་ཡིན་པ་ཁྲིམས་མཐུན་གྱི་སྒོ་ནས་གཏན་ལ་ཕབ་ཟིན་པར་བརྟེན། ཐབས་ལམ་འདིའི་སྒོ་ནས་ཁ་ཞེ་གཉིས་མེད་ཀྱིས་ཤར་བསྐྱོད་གནང་དགོས་པ་ལས། སྲིད་སྐྱོང་སྒེར་གྱི་གནང་ཕྱོགས་དང་། བཀའ་ཤག་དང་བཀའ་བློན་གཞན་རྣམས་ཀྱི་གནང་ཕྱོགས་རྣམས་དབུ་མའི་ལམ་གྱི་ཐབས་ལམ་དང་འགལ་ན་གཏན་ནས་ནོར་བ་ཡིན་པས།ཇི་སྲིད་མང་གཙོའི་ལམ་ནས་མི་མང་དང་སྤྱི་འཐུས་ལྷན་ཚོགས་ནས་བསྐྱར་བཅོས་མ་འབྱུང་བར་དུ་ཐབས་ལམ་གཞན་མི་བཟུང་བར་གཉིས་ཕན་དབུ་མའི་ལམ་ལ་ཤར་བསྐྱོད་གནང་རྒྱུའི་དམ་བཅའ་བརྟན་པོ་ཞིག་སྲིད་སྐྱོང་ནས་ངེས་པར་དུ་འཇོག་དགོས།

༣༽ བོད་མིའི་སྒྲིག་འཛུགས་འདི་བཞིན་གཙོ་བོ་བོད་ཀྱི་བདེན་མཐའ་སེལ་རྒྱུའི་ཆེད་དུ་ཡིན་པས།སྲིད་སྐྱོང་དང་བཀའ་ཤག་ནས་དམངས་གཙོའི་ཀ་བ་གསུམ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་སྒོ་ནས་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་གི་བདེ་དོན་བསྒྲུབ་རྒྱུ་དེ་གཙོ་བོ་དང་། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱི་བདེ་དོན་བསྒྲུབ་རྒྱུ་དེའི་ཡན་ལག་ལྟ་བུར་འཛིན་ཏེ།དགོངས་པའི་གཏད་སོ་མ་ནོར་བ་དགོས་ཤིང་།གསུང་བཤད་རྣམས་ཀྱང་དེ་དང་མཐུན་པ་དགོས་པས་དེ་ལྟར་གནང་རྒྱུའི་དམ་འཇོག་གནང་དགོས།

ཞལ་བཞེས་གསུམ།

༤༽ བོད་ཀྱི་བདེན་དོན་བསྒྲུབ་པ་ལ་དེ་སྒྲུབ་མཁན་གྱི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་རྣམས་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དང་མ་བྲལ་བར་ཆིག་བསྒྲིལ་མིང་དོན་མཚུངས་པ་ཞིག་དགོས་གལ་ཆེ་བར་བརྟེན། བོད་རིགས་དབར་མཐུན་བསྒྲིལ་མེད་པའི་ཚོགས་པ་གཉིས་སུ་གྱེས་པ་ལྟ་བུའི་ན་ཚ་གང་ཡོད་པ་རྣམས་གསོ་རྒྱུའི་ཐབས་ལམ་བསྟེན་དགོས་རྒྱུ་དང་། བོད་མིའི་ཆིག་བསྒྲིལ་གང་དུ་འཐུས་ཤོར་ཕྱིན་པའི་ས་གནས་ཁག་ཏུ་དངོས་སུ་བསྐྱོད་པའམ་བརྒྱུད་ནས་དོན་གཅོད་ལྟ་བུར་མངགས་ནས་ཞི་དུམ་བྱེད་རྒྱུའི་ཞལ་བཞེས་གནང་དགོས།

༥༽ བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ད་ཆ་རྒྱ་བལ་འབྲུག་གསུམ་ཙམ་མིན་པར་ཕྱི་རྒྱལ་ཁག་ཏུའང་གཞིས་ཆགས་ཡོད་པར་བརྟེན། དེ་དག་གི་ཁྲོད་བཅའ་ཁྲལ་མ་དངུལ་གྱི་ལག་དེབ་ལྗང་ཁུ་མེད་པའམ། འཕར་འགྱང་མ་བྱས་པ་སོགས་མང་དག་ཡོད་པ་རྣམས་ལ་ཐབས་མཁས་ཀྱི་སྒོ་ནས་བཅའ་ཁྲལ་མ་དངུལ་གྱི་ལག་དེབ་གསར་དུ་བཟོ་རྒྱུ་དང་།སླར་ཡང་བཟོ་རྒྱུར་འབད་བརྩོན་ངེས་པར་གནང་སྟེ། གྲུབ་འབྲས་ཐོན་པ་གནང་རྒྱུའི་ཞལ་བཞེས་གནང་དགོས།

༦༽ བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་ད་བར་འདོད་བློ་ཁེངས་པའི་གཟིགས་སྐྱོང་མེད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པར་བརྟེན། དེ་དག་ལ་དཀའ་ངལ་ཡོད་པ་རྣམས་སེལ་ཆེད་ཐབས་ལམ་སྣ་ཚོགས་བསྟེན་དགོས་པ་ལས། དོན་གཅོད་དང་གཞིས་འགོ་ཙམ་ལ་རེ་ནས་བལ་ཡུལ་མི་མང་ལ་ལྟ་སྐྱོང་རིང་དུ་དོར་བ་ལྟ་བུ་ནམ་ཡང་མི་གནང་བར་ཞུ། དེ་མཚུངས་འབྲུག་ལ་དྭགས་མི་ཡོ་ཏི་ཛུ་སོགས་ས་གནས་མཐུན་རྐྱེན་ཞན་ས་ཁག་ཏུ་ཡང་གཟིགས་སྐྱོང་ནན་ཏན་དགོས་ཤིང་། གཙོ་བོ་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ལ་ལྷག་པར་རྩལ་འདོན་གནང་དགོས།  དེ་ཡང་དགོས་མེད་ཀྱི་དངུལ་དངོས་འཕྲོ་བརླག་བཏང་ནས་གཞན་དགོས་ངེས་ཅན་དག་ཡལ་བར་འདོར་ན་གཏན་ནས་མི་རུང་བས།                        དེ་ལྟར་འབད་བརྩོན་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཡང་གནང་དགོས།

མདོར་ན་དམ་བཅའ་གསུམ་དང་ཞལ་བཞེས་གསུམ་གྱི་ཆ་རྐྱེན་དྲུག་ཡོད། དེ་ཡང་ཆ་རྐྱེན་དང་པོ་གསུམ་བསྒྲུབ་པ་ལ་སྲིད་སྐྱོང་རང་ཉིད་གཙོ་བོ་ཡིན་པས་དེ་གསུམ་ལ་དམ་བཅའ་ཞེས་ཐ་སྙད་བྱས་ཡོད། ཆ་རྐྱེན་ལྷག་མ་གསུམ་གྱི་གྲུབ་འབྲས་ཐོན་པར་སྲིད་སྐྱོང་གཅིག་པུས་མིན་པར་གཞན་ལའང་རག་ལས་པར་བརྟེན་སྲིད་སྐྱོང་གི་ངོས་ནས་གང་ཐུབ་ཅི་ཐུབ་གནང་དགོས། དེར་བརྟེན་ཆ་རྐྱེན་དེ་གསུམ་ལ་ཞལ་བཞེས་ཞེས་ཐ་སྙད་བཏགས་ཡོད། ཆ་རྐྱེན་དོན་ཚན་དྲུག་པོ་དེ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གི་རྒྱབ་སྐྱོར་བས་བཏོན་པ་ཙམ་ལས། སྤྱིར་བོད་མི་སུས་ཀྱང་དེ་དག་ལ་རྒྱབ་སྐྱོར་བྱེད་འོས་པ་ཞིག་ཡིན།ཆ་རྐྱེན་འདོན་རྒྱུ་ཡང་། འོས་མི་གཞན་སུ་ལ་ཡང་སྐུ་ངོ་འབྲོང་ཆུང་མཆོག་དང་འདྲ་བའི་མཚན་ཉིད་དམ་ཁྱད་ཆོས་མ་མཐོང་བ་མ་ཟད། མཐའ་གཅིག་ཏུ་མ་འོངས་པར་གནས་སྟངས་ཇི་ཆགས་བློས་བཟོད་དཀའ་བས་ཀྱང་ཡིན། དེས་ན་འདིའི་དགོས་པ་ནི་སྲིད་སྐྱོང་ལ་མ་ཕེབས་གོང་དུ་མང་ཚོགས་ཀྱི་ཁྲོད་གཤམ་འཁོད་དོན་ཚན་རྣམས་བསྒྲུབ་རྒྱུའི་ཁས་ལེན་བྱེད་དུ་འཇུག་རྒྱུ་ཡིན། ང་ཚོ་ནི་གནས་སྐབས་བསམ་པ་གཅིག་མཐུན་གྱིས་གཅིག་ཏུ་འདུས་པ་ཙམ་ལས་ཆབ་སྲིད་ཀྱི་ཚོགས་པ་ཡང་མིན་ལ།   ང་ཚོས་བཏོན་པའི་དོན་ཚན་རྣམས་སྐུ་ངོ་འབྲོང་ཆུང་མཆོག་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡང་གཏན་ནས་མེད། འོན་ཀྱང་སྤྱིར་བོད་བསྟན་སྲིད་ལ་ཤ་ཚ་མཁན་ཞིག་གིས་བལྟས་ན་ང་ཚོས་བཏོན་པའི་དོན་ཚན་དེ་དག་རྒྱུ་མཚན་དང་གོ་རྒྱུ་ཡོད་པ་ཤ་སྟག་ཡིན་པས། འོས་མི་གཉིས་ནས་འདི་དག་སྣང་མེད་དུ་བཏང་ན་མཐར་འགྱོད་པའི་གནས་སུ་ལྟུང་ངེས་ཡིན། དོན་ཚན་འདི་དག་ལ་སྐུ་ངོ་འབྲོང་མཆོག་གི་རྒྱབ་སྐྱོར་བ་མ་མཐར་སྟོང་ཕྲག་ལྔ་ལྷག་ཙམ་གྱི་མོས་མཐུན་ཡོད་པར་ཚོད་དཔག་བྱས་ཀྱང་ཆོག་པ་ཡིན། མཐའ་དོན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་གངས་ཅན་ལྗོངས་ཀྱི་མགོན་སྐྱབས་དང་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་བཅས།

བོད་རྒྱལ་ལོ། །

འདི་ནི་འོས་མི་གཅིག་གི་རྒྱབ་ཏུ་ལངས་ནས་གཞན་དེ་ཕམ་པར་བྱེད་ཆེད་མིན་ལ། ད་ཆ་མི་དམངས་ཀྱིས་སྤྱི་འཐུས་གསར་པར་བཞེངས་མཁན་རྣམ་པར་ཡང་ཆ་རྐྱེན་འདི་དག་ལྡན་མིན་གྱི་ཞུ་དག་ནན་པོ་གཏོང་བའི་དུས་ལ་བབ་ཡོད།

སྲིད་སྐྱོང་འོས་མི་གཉིས་ཀྱིས་དོན་ཚན་དེ་དག་བསྒྲུབ་ཐུབ་མིན་གྱི་གསལ་བཤད་ཅིག་༢༠༢༡ ཕྱི་ཟླ་༤ ཚེས་༧ ཚུན་ཆད་ལ་ཡོངས་གྲགས་སུ་སྤེལ་དགོས། འོས་ཤོག་སྐོར་དེ་མཚུངས་བསམ་ཤེས་བྱེད་རྒྱུ་ཡིན།

འབྲེལ་བ་གནང་ཡུལ།

མགྲིན་ཚབ་སངས་རྒྱས་རྡོ་རྗེ་ལགས། ཁ་པར། ༩༡-༩༩༣༣༦༦༩༧༤༧

Email: Skasurdngodrup.2021@gmail.com