ཡུག་རེན་གྱིས་ཨུ་རུ་སུའི་གནམ་དམག་གི་རྟེན་གཞི་བཞི་དང་གནམ་གྲུ་༤༠ ལ་གཏོར་རྒོལ་དྲག་པོ་བྱས་འདུག

ཁ་སང་གཟའ་ཉི་མའི་ཉིན་ཡུག་རེན་གྱིས་ཨུ་རུ་སུའི་གནམ་དམག་གི་རྟེན་གཞི་བཞི་ལ་གཏོར་རྒོལ་དྲག་པོ་བྱས་ནས་རྡུལ་ཕྲན་མཚོན་ཆ་འཁྱེར་མཁན་གྱི་གནམ་གྲུ་༤༠ ལ་གཏོར་རྒོལ་དྲག་པོ་བྱས་ཡོད་འདུག་པས། ད་ལྟ་རྒྱལ་སྤྱིའི་ནང་གསར་འགྱུར་ཆེ་ཤོས་སུ་གྱུར་འདུག
ཕྱི་ཚེས་༢ ཉིན་བྷི་བྷི་སི་གསར་ཁང་དང་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་ཡུག་རེན་གྱིས་ཨུ་རུ་སུའི་གནམ་དམག་གི་རྟེན་གཞི་བཞི་ལ་གཏོར་རྒོལ་བྱས་ནས་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་གནམ་གྲུ་ཁྱོན་༤༠ ལ་གཏོར་རྒོལ་བྱས་ཡོད་འདུག་པ་དང་། ཐེངས་འདིར་ཡུག་རེན་གྱིས་མིང་ལ་(Spider’s Web)་སྡོམ་དྲྭ་ཟེར་བའི་བྱ་འགུལ་དེ་སྤེལ་ནས་མི་མེད་གནམ་གྲུ་ཁྱོན་༡༡༧ བཏང་ནས་ཨུ་རུ་སུ་ལ་གཏོར་རྒོལ་བྱས་ཡོད་འདུག ཡུག་རེན་གྱི་བདེ་སྲུང་ལས་ཁུངས་ཀྱིས་ཐེངས་འདིའི་གཏོར་རྒོལ་གྱི་འཆར་འགོད་ཆེད་དུ་ལོ་གཅིག་དང་ཕྱེད་ཙམ་རིང་དུས་ཚོད་བཏང་ཡོད་པ་དང་། ཨུ་རུ་སུའི་ནང་གི་ས་ཁུལ་ཁག་ལྔ་ལ་གཏོར་རྒོལ་བྱས་ཡོད་པར་བརྗོད་འདུག ཨུ་རུ་སུ་ཡིས་དེ་ནི་དྲག་སྤྱོད་པའི་བྱ་སྤྱོད་གཅིག་ཡིན་པར་བརྗོད་འདུག ཁ་སང་ཡུག་རེན་གྱི་གཏོར་རྒོལ་དེ་ཡི་ཁྲོད་དུ་ཨུ་རུ་སུའི་གོ་མཚོན་འཁྱེར་ཐུབ་པའི་གནམ་གྲུ་ཡོང་ནས་བརྒྱ་ཆ་༣༤ གཏོར་ཡོད་པར་བརྗོད་འདུག་པ་དང་། གཏོར་རྒོལ་དེ་ཡུག་རེན་དང་ཨུ་རུ་སུ་གཉིས་བར་ཞི་བའི་གྲོས་མོལ་ཐེངས་གཉིས་པ་དེ་འགོ་འཛུགས་རྒྱུའི་ཉིན་གཅིག་གི་སྔོན་དུ་བྱས་ཡོད་འདུག་ཅིང་། ཞི་བའི་གྲོས་མོལ་ཐེངས་གཉིས་པ་དེ་ཏུར་ཀིའི་གྲོང་ཁྱེར་(Istanbul)ཟེར་བའི་ནང་དེ་རིང་གཟའ་ཟླ་བའི་ཉིན་བྱེད་རྒྱུའི་འཆར་གཞི་ཡོད་འདུག འོན་ཀྱང་། ཕྱོགས་གཉིས་ཀ་ནས་གྲོས་མོལ་ཐེངས་གཉིས་པ་དེའི་བརྒྱུད་ནས་མཇུག་འབྲས་བཟང་པོ་ཞིག་ཡོང་རྒྱུའི་རེ་བ་དེ་ཙམ་ཡོད་མི་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་པ་ནས་བཟུང་ད་བར་ཡུག་རེན་གྱི་ས་ཆ་བརྒྱ་ཆ་༢༠ བཙན་བཟུང་བྱས་ཡོད་ཅིང་།
ཁ་སང་ཡུག་རེན་གྱིས་ཨུ་རུ་སུ་ལ་གཏོར་རྒོལ་བྱས་རྗེས་ཡུག་རེན་གྱི་སྲིད་འཛིན་ནས་ཡུག་རེན་གྱི་བདེ་སྲུང་ལས་ཁུངས་ལ་བསྔགས་བརྗོད་ཆེན་པོ་བྱས་ཡོད་འདུག་ལ། དགྲ་བོའི་ས་ཆའི་ཐོག་ཏུ་དེ་འདྲའི་དྲག་རྒོལ་རླབས་ཆེན་བྱེད་ཐུབ་པ་ནི་བསམ་ཡུལ་ལས་འདས་སོང་ཞེས་དང་། དགོད་དྲོ་ཤོས་གཅིག་ལ་གཏོར་རྒོལ་བྱེད་མཁན་ཡུག་རེན་གྱི་བདེ་སྲུང་དཔུང་དམག་རྣམས་ཀྱིས་ཨུ་རུ་སུའི་སྲུང་སྐྱོབ་ཚད་མཐོ་ཤོས་ཡོད་སའི་ས་ཁུལ་གྱི་ཉེ་འགྲམ་ནས་གཏོར་རྒོལ་བྱས་ཡོད། དེ་ནི་ཧང་སངས་དགོས་པ་ཞིག་རེད་ཅེས་དང་། ང་ཚོའི་དམག་དཔུང་ཚོས་གཏོར་རྒོལ་ལེགས་གྲུབ་བྱུང་རྗེས་ཨུ་རུ་སུས་ཚུར་རྒོལ་མ་བྱས་སྔོན་དུ་ཡུག་རེན་ས་ཐོག་ཏུ་ལོག་ནས་མི་གཅིག་ཀྱང་རྨས་པ་སོགས་གང་ཡང་བྱུང་མེད་བརྗོད་འདུག ཐེངས་འདིའི་གཏོར་རྒོལ་ཁྲོད་ཨུ་རུ་སུ་ལ་ཨ་སྒོར་ཐེར་འབུམ་༧ གྱི་གྱོང་སྤྲད་ཡོད་པར་བརྗོད་འདུག་ལ། ཁ་སང་གཏོར་རྒོལ་བྱེད་སའི་དམག་གི་རྟེན་གཞི་བཞི་ལས་གཉིས་ནི་ཡུག་རེན་ནས་སྤྱི་ལེ་སྟོང་ཕྲག་མང་པོའི་རྒྱང་རིང་དུ་ཡོད་པའི་གནམ་དམག་གི་རྟེན་གཞི་གཉིས་ཡིན་འདུག་ཀྱང་། དེ་གཉིས་ལ་གཏོར་རྒོལ་དྲག་པོ་བྱས་ཡོད་འདུག
ཐེངས་འདིའི་གཏོར་རྒོལ་གྱི་འཆར་འགོད་བྱེད་སྐབས། ཡུག་རེན་གྱི་མི་མེད་གནམ་གྲུ་རྣམས་ཐོག་མར་ཨུ་རུ་སུའི་ས་ཐོག་ཏུ་ལྐོག་ནས་དོས་སྐྱེལ་རླངས་འཁོར་ནང་འཁྱེར་ཡོད་འདུག་ལ། དེ་ནས་ཨུ་རུ་སུའི་གནམ་དམག་གི་རྟེན་གཞིའི་ཉེ་འཁོར་དུ་བསླེབས་རྗེས། མི་མེད་གནམ་གྲུ་རྣམས་བཏང་ནས་གཏོར་རྒོལ་དྲག་པོ་བྱས་ཡོད་འདུག སྐབས་དེ་དུས་ཨུ་རུ་སུའི་མཁའ་དབྱིངས་སྲུང་སྐྱོབ་མ་ལག་རྣམས་ཡོད་འདུག་ཀྱང་། འགོག་རྒོལ་ཐུབ་ཡོད་མི་འདུག གཟའ་ཉི་མའི་མཚན་མོར་ཨུ་རུ་སུས་མི་མེད་གནམ་གྲུ་༤༧༢ བཏང་ནས་ཡུག་རེན་ལ་ཚུར་གཏོར་རྒོལ་བྱས་ཡོད་འདུག་ཅིང་། མི་མེད་གནམ་གྲུ་༣༨༥ ཡུག་རེན་གྱི་གནམ་དམག་གིས་གཏོར་རྒོལ་བྱས་ཡོད་པར་བརྗོད་འདུག སྐབས་དེ་དུས་ཡུག་རེན་གྱི་དམག་མི་༡༢་བསད་ཡོད་པ་དང་། དམག་མི་༦༠ ལ་རྨས་ཡོད་འདུག ཚུར་རྒོལ་བྱེད་ས་དེ་ཡུག་རེན་གྱི་དམག་སྦྱོང་བྱེད་སའི་ལྟེ་གནས་ཤིག་ལ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།