ཡེ་ཤུ་བླ་ཆེན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།
ཡེ་ཤུ་ཁེ་ཐོ་ལེག་ཆོས་ལུགས་ཀྱི་འཛིན་སྐྱོང་དང་རྒྱ་ནག་གཞུང་བར་གྱི་གསང་བའི་གྲོས་མཐུན་ལ་བརྟེན་ནས། རྒྱུན་དུ་འཛམ་གླིང་ནང་དྲང་བདེན་མིན་པའི་གནས་ཚུལ་ཐོག་སྐྱོན་བརྗོད་དང་ལམ་སྟོན་བྱེད་མཁན་བླ་ཆེན་ཧྥེ་རན་སི་སེ་ཡིས། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་མེད་པའི་རྩོམ་ཡིག་གཅིག་དྲ་ཐོག་ཏུ་སྤེལ་འདུག
ཟླ་༧ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་གྲགས་ཅན་ཕྱི་འབྲེལ་སྲིད་བྱུས་ཞེས་པའི་ཐོག་ཏུ། ཡེ་ཤུ་བླ་ཆེན་གྱིས་རྒྱ་ནག་ཐོག་གང་ཡང་བརྗོད་ཀྱི་མེད་པ་དེས་གནད་དོན་ཆེན་པོ་ཞིག་གསལ་སྟོན་བྱེད་ཀྱི་ཡོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག
རྩོམ་ཡིག་དེའི་ནང་དབྱིན་ཡུལ་གྱི་ཇེའུ་མི་རིགས་ཀྱི་ཚོགས་པ་ཆེ་ཤོས་ཀྱི་ཚོགས་གཙོས་རྒྱལ་ས་ལོན་ཌོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པར་ཡི་གེ་བྲིས་ནས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་ཀྱི་ཐོག་ཏུ་སྤེལ་བཞིན་པའི་བཙན་གནོན་གྱི་བྱ་སྤྱོད་དེ་ནི་མི་རིགས་རྩ་མེད་ཀྱི་ལས་འགུལ་ཞིག་ཡིན་པ་དང་། དེ་ནི་དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་ནཱ་ཛི་སྲིད་གཞུང་གིས་ཇེའུ་ཆོས་ལུགས་ཀྱི་མི་རིགས་རྣམས་རྩ་མེད་གཏོང་བའི་ལས་འགུལ་དང་གཅིག་མཚུངས་ཡིན་སྐོར་བརྗོད་ནས་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་ཇེའུ་ཆོས་ལུགས་ཀྱི་ཆོས་དཔོན་དང་། ཁ་ཆེ་དྲག་སྤྱོད་མཁྲེགས་འཛིན་རིང་ལུགས་ལ་ཁ་གཏད་གཅོག་མཁན། ཨེ་ཤི་ཡའི་ཡེ་ཤུའི་མཁན་པོ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་སྤེལ་བཞིན་པའི་བཙན་གནོན་ཐོག་སྐྱོན་བརྗོད་བྱས་ཡོད་ཀྱང་། ད་བར་ཁ་ཆེའི་རྒྱལ་ཁབ་མང་ཆེ་བ་དང་ཡེ་ཤུ་ཆོས་ལུགས་ཀྱི་འགོ་ཁྲིད་ཚོས། རྒྱ་ནག་ལ་སྐྱོན་བརྗོད་གང་ཡང་བྱས་མེད་པ་དང་། ཁ་ཆེ་རྒྱལ་ཁབ་ཚོས་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་སྐོར་བརྗོད་འདུག
དེ་བཞིན་ཡེ་ཤུ་ཁེ་ཐོ་ལེག་གི་བླ་ཆེན་ཧྥེ་རན་སི་སེ་(Francis) ཡིས་རེས་གཟའ་ཉི་མ་ནམ་ཡིན་གྱི་ཞལ་འདོན་སྨོན་ལམ་སྐབས་སུ། འཛམ་གླིང་ནང་དྲང་བདེན་མིན་པའི་གནས་ཚུལ་འབྱུང་བཞིན་པའི་སྐོར་གསུང་བཤད་གནང་གི་ཡོད་པ་དང་། ཁོང་གིས་འདས་པའི་ནང་འཛམ་གླིང་ནང་ཡེ་ཤུ་ཆོས་ལུགས་རྗེས་འབྲང་གཅིག་པུའི་བཙན་གནོན་མིན་པར། འབར་མའི་ནང་རུང་གྷེ་ཡ་ཁ་ཆེ་མི་རིགས། སི་རི་ཡའི་དམག་འཁྲུག ཡེ་མན་དམག་འཁྲུག ཡུག་ཀེ་རན་དང་ནེ་ཇི་རི་ཡའི་དམག་འཁྲུག དེ་བཞིན་ཆོས་ལུགས་རང་དབང་སོགས་ཀྱི་ཐད་ལ་གསུང་བཤད་གནང་མྱོང་བ་རེད་དེ། ཁོང་གི་གསུང་བཤད་ནང་དུ་ལུང་པ་གཅིག་མིང་འདོན་གནང་མེད་པ་དང་། ལུང་པ་གཅིག་པུ་དེ་ནི་རྒྱ་ནག་ཡིན་སྐོར་བརྗོད་འདུག
དུས་རབས་ཉེར་གཅིག་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་ཀྱི་ལས་འགུལ་དང་། བོད་དང་ཧོང་ཀོང་ནང་དུ་བཙན་གནོན། དེ་བཞིན་ཡེ་ཤུ་དང་ཧྥ་ལོང་ཀོང་རྗེས་འབྲང་པར་བཙན་གནོན་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཀྱང་། ཡེ་ཤུ་བླ་ཆེན་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ཐོག་གང་ཡང་བརྗོད་ཀྱི་མེད་པའི་རྒྱུ་མཚན་ནི། ལོ་གཉིས་ཀྱི་སྔོན་དུ་ཡེ་ཤུ་ཁེ་ཐོ་ལེག་འཛིན་སྐྱོང་གིས་རྒྱ་ནག་གཞུང་དང་གསང་བའི་གྲོས་མཐུན་ཞིག་བཞག་ཡོད་པ་དང་། སེམས་འཚབ་སྐྱེ་གཞི་ཞིག་ལ་གྲོས་མཐུན་དེའི་ཡིག་ཆ་ཕྱིར་བསྒྲགས་བྱས་མེད་འདུག
འོན་ཀྱང་གྲོས་མཐུན་དེའི་ནང་གི་གནད་དོན་གལ་ཆེན་དང་ཚབས་ཆེན་ཞིག་ནི། རྒྱ་ནག་ནང་གི་ཡེ་ཤུ་ཆོས་སྒར་གྱི་མཁན་པོ་རྣམས་རྒྱ་ནག་དམར་ཤོག་ཚོགས་པས་ཐད་ཀར་བསྐོ་གཞག་བྱེད་ཀྱི་ཡོད་པ་ཆགས་པར་བརྟེན།མཁན་པོ་རྙིང་པ་མང་པོ་ཞིག་རྒན་ཡོལ་ཞུ་དགོས་བྱུང་ཡོད་འདུག གྲོས་མཐུན་དེའི་རྗེས་སུ་ཡེ་ཤུ་ཁེ་ཐོ་ལེག་རྗེས་འབྲང་པར་ཆོས་ལུགས་རང་དབང་གི་ཚད་གཞི་མཐོ་རུ་འགྲོ་རྒྱུའི་ཚབ་ཏུ་སྡུག་ཏུ་ཕྱིན་ཡོད་པ་དང་། ཆོས་ལུགས་མི་སྣ་མང་པོ་ཞིག་འཛིན་བཟུང་དང་མང་པོ་ཞིག་གར་སོང་ཆ་མེད་ཆགས་པ། དེ་སྔོན་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་མ་བཏང་བ་སོགས་བྱུང་ཡོད་པས། ཡེ་ཤུ་ཆོས་ལུགས་ཀྱི་འགོ་ཁྲིད་ཚོ་གཉིད་ལས་བསད་ནས། ཡུ་གུར་དང་བོད། ཧོང་ཀོང་། ཧྥ་ལོང་གྷོང་། ཡེ་ཤུ་སོགས་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཁ་གཏད་བཅག་པའི་དུས་ལ་སླེབས་ཡོད་སྐོར་བརྗོད་འདུག ། གནས་ཚུལ་འབྲེལ་ཐག
གསར་འགོད་པ་སྐལ་བཟང་དོན་གྲུབ།