ཡོངས་འཛིན་རྣམ་དག་རིན་པོ་ཆེའི་བརྒྱ་སྟོན་དང་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཐེངས་དྲུག་པ་འཚོགས།

ཟླ་འདིའི་ཚེས་༦ ཉིན་བལ་ཡུལ་དུ་རྟེན་གཞི་བྱས་པའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རྣམ་དག་རིན་པོ་ཆེ་དགུང་གྲངས་བརྒྱ་བཞེས་པའི་བརྒྱ་སྟོན་འཁྲུངས་སྐར་དེ། སངས་རྒྱས་གཤེན་རབ་ཀྱི་འཁྲུངས་ཟླ་དང་བསྟུན་ནས་གཡུང་དྲུང་བོན་གྱི་ལྷ་སྡེ་མི་སྡེ་གཙོས་པས་སྲུང་བརྩི་གྲ་རྒྱས་ཞུས་འདུག་པ་དང་། དེ་བཞིན་ཉེ་ལམ་གསར་དུ་བཞེངས་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་མཛད་སྒོ་ཡང་གནང་ཡོད་འདུག བརྒྱ་སྟོན་གྱི་མཛད་སྒོར་སྐུ་མགྲོན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚབ་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེས་དབུས་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ། བལ་ཡུལ་སྐུ་ཚབ་དོན་གཅོད། ཤེས་རིག་ཕུན་ཚོགས་གླིང་དང་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་སོགས་ཕྱོགས་མཐའ་ཁག་གི་བོན་གྱི་དགོན་སྡེ་དང་སློབ་གྲྭ་སོགས་ཤེས་རིག་གི་སྡེ་རྣམས་ཀྱི་དབུ་བླ་རྣམ་པ་དང་དགེ་སློབ། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་ནས་ཕེབས་པའི་བླ་སློབ་དང་། དད་ལྡན་སེར་སྐྱ་མང་པོ་ཞིག་འཛོམས་ཏེ་སྙན་ངག་གྱེར་འདོན་དང་། དཔེ་དེབ་འགྲེམས་སྤེལ། གླུ་གར་བྲོ་གསུམ་གྱི་མཆོད་པ་འབུལ་སོགས་བྱས་ཡོད་འདུག དེ་བཞིན་བརྒྱ་སྟོན་དང་བསྟུན་ནས་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དེ་འགོ་འཛུགས་གནང་ཡོད་འདུག
ཡོངས་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི་ཞང་ཞུང་སྒོ་པའི་ས་གནས། མི་རྗེ་ཁྱུང་དཀར་རྒྱལ་པོའི་མངའ་འབངས་ཁམས་ཉིན་ཞེས་པའི་ཡུལ་དུ་ཕྱི་ལོ་༡༩༢༦ ལོར་སྐུ་འཁྲུངས། ད་བར་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ལས་གསུམ་གྱིས་ཕྱོགས་ཀྱི་ཡུལ་གྲུ་མང་པོར་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་གནང་འདུག མ་ཟད་༡༩༥༩ ཚུན་ནས་ད་ལྟའི་བར་བོན་གྱི་མདོ་སྔགས་སེམས་གསུམ་གྱི་འགྲེལ་བ་དང་། རྒྱལ་རབས་ལོ་རྒྱུས། བཟོ་རིག་གི་རྣམ་བཤད་སོགས་དབྱིན་བོད་གཉིས་ཀྱི་ནང་དེབ་བཅུ་ཕྲག་གསུམ་ཙམ་བཞུགས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།