རང་ཉིད་ངོ་མི་ཤེས་པའི་དཀའ་ངལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༢ ཕྱི་ལོ་ ༢༠༡༧/༡༡ /༨
སྤྱི་ཚོགས་གང་དང་གང་ཡིན་ནའང་རྩོད་རྙོག་མང་པོ་ཞིག་ཡོད་པ་དང་། སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་དེ་ལྟར་རྩོད་རྙོག་ཡོང་བསྡད་པ་དེ་ཡང་ཕྱོགས་གཅིག་ནས་ཧང་སང་དགོས་པའི་གནད་དོན་ཞིག་གང་ཡང་མ་རེད། འོན་ཀྱང་མིའི་ལུང་པར་སྐྱབས་བཅོལ་གྱི་ངོ་བོའི་ཐོག་གནས་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན། རྩོད་རྙོག་མང་པོ་ཞིག་མུ་མཐུད་དུ་གནས་བསྡད་ན་མ་འོངས་པར་སྤྱི་ཚོགས་ཆུང་ངུ་འདི་ཉིད་ལ་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ལས་ལམ་ཁ་གཞན་མེད། རྩ་བས་གནས་ཚུལ་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བས་བསམ་ཚུལ་ཡང་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་དང་། དེ་ལ་བརྟེན་ནས་རྩོད་རྙོག་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད། དེ་དག་རེ་རེ་ལ་རྒྱབ་ལྗོངས་སྣ་ཚོགས་ཡོད་སྲིད་ཅིང་། ད་ལྟའི་ཆར་གཙོ་བོ་བཙན་བྱོལ་བོད་པའི་རྙོག་གྲ་དེ་ཕྱིའི་རྣམ་པའི་ཐོག་ནས་ཆོལ་ཁ་གཙོ་བོ་བྱས་པའི་རྩོད་རྙོག་ལྟ་བུར་གྱུར་ཡོད་པ་ལས། དོན་དུ་དེ་ལྟ་བུ་རང་མ་ཡིན་པར་མགོ་ལ་སྡོད་མཁན་ཁག་ཅིག་གིས་རྩོད་རྙོག་གི་ཁ་ཕྱོགས་གང་དུ་བསྒྱུར་ཡང་ཆོག་པ་ཞིག་རེད།
དཔེར་ན་ལོ་སྔོན་མའི་སྲིད་སྐྱོང་འོས་བསྡུའི་སྐབས་ལ་མཚོན་ན་ཕྱི་ནས་མཐོང་ཚུལ་ལ་གཙོ་བོ་ཆོལ་ཁའི་རྩོད་རྙོག་ཅིག་དང་འབྲེལ་ཡོད་པ་ལྟ་བུ་ཡིན་ནའང་། དོན་དངོས་སུ་དེ་ལྟ་བུ་མ་ཡིན་པར་དབང་ཚད་དང་མིང་གནས་ཡོད་མེད་ལ་མ་ལྟོས་པར་མི་མང་གི་མདུན་དུ་ཐོན་རྒྱུར་དགའ་བའི་མི་མང་པོ་ཞིག་གིས་ཆོལ་ཁའི་རྩོད་རྙོག་གི་རྣམ་པ་ལྟ་བུར་བསྒྱུར་ན་ཁེ་ཕན་ཞིག་ཏུ་བརྩིས་ཡོད་པ་ལས། སྲིད་སྐྱོང་བློ་བཟང་སེང་གེ་ལ་དབུས་གཙང་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་ཡོད་པ་འདིའི་ཐོག་ནས། ལོ་སྔོན་མའི་རྩོད་རྙོག་དེ་རྣམ་པ་ཙམ་ལས་ཆོལ་ཁའི་རྩོད་རྙོག་གཏན་ནས་མ་ཡིན་པ་དེ་ར་འཕྲོད་པ་རེད། མི་མང་གི་མདུན་དུ་ཐོན་མཁན་གྱི་ནང་དུ་འགན་ཁུར་ཡོད་མཁན་དང་། འགན་ཁུར་དམིགས་བསལ་མེད་ཀྱང་རང་ཉིད་གནད་དོན་དེའི་རིགས་ལ་དང་བླངས་ཀྱིས་ཐེ་གཏོགས་བྱེད་རྒྱུར་དགའ་བ་དག་གིས་ཆོལ་ཁའི་རྩོད་རྙོག་ཅིག་ཁ་རུ་ཁུར་བ་ཙམ་རེད། དེར་བརྟེན་བཙན་བྱོལ་ནང་གི་རྩོད་རྙོག་གཙོ་བོ་ཆོལ་ཁ་དང་ཆོས་ལུགས་ཀྱི་གནད་དོན་ཞིག་གཏན་ནས་མ་ཡིན་པར་དབང་ཆའི་འཐབ་རྩོད་ཁོ་ན་རུ་གྱུར་ཡོད།
དཔེར་ན་བཀའ་བློན་ཟུར་པ་མང་པོ་ཞིག་གིས་ལས་ཐོག་རྣམས་ལ་སྡང་ཟུག་བྱེད་པ་དང་། དེ་ཡང་རང་ཉིད་དང་དེའི་ཕྱོགས་གཏོགས་ཀྱི་དབང་ཚད་ཉམས་དམས་སུ་འགྱུར་བར་སེམས་འཚབ་བྱེད་པ་རེད་ལ། མ་འོངས་པར་ང་དང་ངའི་འབྲེལ་ཡོད་དག་གི་དབང་ཤུགས་སླེབས་ཐུབ་པའི་ཆེད་དུ་ད་ལྟ་ནས་གྲ་སྒྲིག་བྱེད་མཁན་ལས་ཐོག་དང་ཟུར་པ་དག་གི་ནང་དུ་མང་པོ་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་ཉིད་ཀྱི་འབྲེལ་ཡོད་ཁག་གི་དབང་ཚད་རག་ཆེད་ནང་ཁུལ་དུ་རྩོད་རྙོག་སྣ་ཚོགས་ཤིག་སློང་སྲིད་པ་དང་། དེའི་རྒྱབ་ལྗོངས་སུ་ཆོལ་ཁ་དང་ཆོས་ལུགས། གསར་འབྱོར་དང་རྙིང་འབྱོར། དབུ་མ་དང་རང་བཙན་སོགས་སྤྱི་ཚོགས་ནང་དོ་སྣང་ཡོད་པའི་གནད་དོན་ཁག་དང་འབྲེལ་ནས་གླེང་ཕྱོགས་བཟོ་གི་ཡོད་པ་རེད། སྲིད་དོན་མི་སྣ་གཙོ་བོ་རྣམས་ཀྱིས་གླེང་ཕྱོགས་འདྲ་མིན་སྣ་ཚོགས་དངོས་དང་བརྒྱུད་ནས་སྤྱི་ཚོགས་ནང་བཀྲམ་ཡོང་བའི་སྐབས། མི་མང་གིས་དེ་ལ་ཡིད་ཆེས་ཀྱི་ཐོག་ནས་ཚོར་བ་དང་དོ་སྣང་ཆེན་པོས་རྩོད་གླེེང་མང་པོ་ཞིག་བྱས་དང་བྱེད་བཞིན་པ་ལྟ་བུར་གྱུར་ཡོད།
ཆབ་སྲིད་པ་དག་གིས་རང་རང་སོ་སོའི་དགོས་མཁོ་དང་དམིགས་ཡུལ་དེ་འགྲུབ་མིན་གང་ལྟར་ཡང་། གོ་སྐབས་གཞན་ཞིག་མཐོང་བའི་ཚེ་སྔོན་མ་གནས་ཚུལ་གང་བཤད་པ་དང་། གང་བྱུང་བ་དག་ལ་ཆ་འཇོག་གང་ཡང་མེད་པར་སྔོན་མའི་ཁ་གཏད་གཙོ་བོར་གྱུར་པའི་མི་སྣ་དེ་དག་ལ་ཐད་ཀར་བཟང་ཕྱོགས་ནས་འབྲེལ་བ་སྣ་ཚོགས་ཤིག་འཛིན་གྱི་ཡོད་ལ། དེ་ལ་བརྟེན་ནས་ཐོག་མའི་ཁ་གཏད་ཀྱི་མི་སྣ་གཙོ་བོ་དེ་གཉིས་གྲོགས་པོ་ནང་མ་རུ་གྱུར་པ་འཛམ་གླིང་གང་སར་ཡོད་པ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་དེ་ལྟ་བུའི་གནས་ཚུལ་མང་པོ་བྱུང་ཡོད། འོན་ཀྱང་དེ་དག་གི་རྒྱབ་སྐྱོར་བ་རྣམས་ད་དུང་ཕན་ཚུན་མི་དགའ་བའི་རྣམ་འགྱུར་དང་འཁོན་འཛིན་མུ་མཐུད་དུ་བྱེད་བཞིན་པ་འདི་དག དོན་གྱིས་ཁྱི་ངན་གཞོང་སྟོང་དོན་དུ་འཛིང་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད་པས། ཆབ་སྲིད་པ་སུ་ལ་རྒྱབ་སྐྱོར་བྱེད་པ་དེ་སྒེར་སོ་སོའི་རང་དབང་ཡིན་མོད། དོན་མེད་དུ་སྣེ་མོར་ཐོན་རྒྱུ་མང་དྲགས་སོང་ན་ཕྱོགས་གང་ས་ནས་རང་ཉིད་ལ་དཀའ་ངལ་ལྷག་མ་ཞིག་ལས་ཕན་ཐོགས་གང་ཡང་མེད།
མདོར་ན་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བ་ལས་གྲུབ་པ་ཞིག་ལས། རང་དབང་ཅན་གྱི་རྒྱལ་ཁབ་ཅིག་མིན་པས་སྲིད་སྐྱོང་དང་སྲིད་འཛིན། གྲོས་ཚོགས་ཀྱི་འཐུས་མི་དང་ཁྲིམས་ཞིབ་པ་སོགས་ཆབ་སྲིད་ཀྱི་མིང་སྙན་པོ་ག་རེ་ཡོད་ཀྱང་། དོན་དུ་རང་ཉིད་ལ་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཞིག་དང་། བོད་ཀྱི་རང་དབང་རྩོད་ལེན་བྱ་རྒྱུའི་འགན་ཁུར་ཡོད་པའི་ལས་འགུལ་བ་ཞིག་ཡིན་པ་ལས། གོང་གི་ཆབ་སྲིད་ཀྱི་གོ་མིང་སྙན་པོ་འདི་དག་ནི་མིང་སྟོང་པ་ཞིག་ལས་དོན་དངོས་དེ་ལྟ་བུ་གཏན་ནས་མིན། འོན་ཀྱང་རང་ཉིད་ངོ་མི་ཤེས་པའི་དཀའ་ངལ་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད། ང་ཚོའི་སྤྱི་ཚོགས་དེ་རང་ཉིད་ཀྱིས་རང་ཉིད་གསལ་པོ་ངོ་ཤེས་སོང་ན་རྩོད་རྙོག་འདི་དག་གི་སྙིང་པོ་ཡང་རྟོགས་ཐུབ་པ་དང་། ལྷག་པར་དུ་དབང་ཆའི་འཐབ་རྩོད་འདི་དག་མུ་མཐུད་དུ་མི་བྱེད་པར་ཕན་སྲིད། ༧གོང་ས་མཆོག་ཞལ་བཞུགས་སྐབས་རྩོད་རྙོག་འདི་དག་དཀའ་རྙོག་ཆེན་པོ་དེ་ཙམ་མིན་ནའང་། དེའི་རྗེས་སུ་དུས་ནམ་ཡང་ལངས་ཐབས་མེད་པའི་དཀའ་ངལ་ཞིག་ཏུའང་འགྱུར་ངེས་པ་རེད།།