རང་བཙན་ལས་འགུལ་བ་ཁག་ཅིག་གིས་སྲིད་འཛིན་ཊོམ་ལ་“བོད་རང་བཙན་ངོས་འཛིན་ཡོང་བའི་ཞུ་སྐུལ་”གྱི་ལས་འགུལ་ཞིག་སྤེལ་རྒྱུ་རེད་འདུག

རང་བཙན་འཐབ་རྩོད་པ་སྤོ་ཆུང་དོན་གྲུབ་ལྷ་དར་གྱིས་རང་བཙན་འཐབ་རྩོད་པ་ཁག་ཅིག་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་“བོད་རང་བཙན་ངོས་འཛིན་ཡོང་བའི་ཞུ་སྐུལ་དང་ཐུགས་རྗེ་ཆུ་ཞུའི་ལས་འགུལ་ཞིག་”སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དང་། སྲིད་འཛིན་ཊོམ་གྱི་ལས་ཡུན་མ་རྫོགས་གོང་དུ་བོད་དང་ཐའེ་ཝན་གཉིས་རང་བཙན་དུ་ངོས་འཛིན་གནང་བའི་རེ་བ་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་མཚོན་པའི་ཚོགས་པ་ཆེ་ཆུང་ཁག་དང་། ཨ་རིར་བོད་པའི་བོད་མི་མི་རེ་ངོ་རེས་ལས་འགུལ་དེར་ནུས་ཤུགས་འདོན་རྒྱུ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཆགས་ཡོད་སྐོར་གསུངས་འདུག

ཕྱི་ཟླ་༡༢ ཚེས་༢༣ ཉིན་ཡོའུ་ཊོབ་དྲ་ལམ་(Youtube) བརྒྱུད་དེ་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཨ་རིར་རྟེན་གཞི་བྱས་པའི་རང་བཙན་ལས་འགུལ་བ་སྤོ་ཆུང་དོན་གྲུབ་ལྷ་དར་གྱིས་ཐེངས་འདིའི་ལས་འགུལ་དེ་ཟླ་བ་འདིའི་ཨ་རིའི་ཚེས་༢༦ རེས་གཟའ་སྤེན་པའི་ཉིན་རྒྱབ་ལ་ནིའུ་ཡོག་གྲོང་ཁྱེར་གྱི་ཝོ་ལི་སྲང་ལམ་(Wall Street) དུ་སྤེལ་གཏན་འཁེལ་ཡོད་སྐོར་བརྗོད་པའི་ཁར། དེ་ལྟ་བུའི་ལས་འགུལ་ཞིག་སྤེལ་བའི་རྒྱབ་ལྗོངས་ཀྱི་ཐད་ལ། “ང་ཚོ་ཚང་མས་ཧ་གོ་ཡི་ཡོད་པ་ནང་བཞིན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཁོ་ཊི-ཕེ་རི་(Scott Perry) མཆོག་གིས་སྔོན་མ་ཨ་རིའི་གྲོས་ཚོགས་ནང་དུ་བོད་རང་བཙན་ངོས་འཛིན་བྱེད་པའི་ཁྲིམས་འཆར་འདོན་སྤེལ་གནང་རྒྱུ་དང་། ཉེ་ལམ་ཉིན་མ་ཁ་ཤས་ཀྱི་སྔོན་ལ་ཨ་རིའི་སྲིད་འཛིན་ཊོམ་མཆོག་གི་མཚན་ཐོག་ལ་བོད་རང་བཙན་ངོས་འཛིན་ཡོང་བའི་ཞུ་སྐུལ་གྱི་ཡི་གེ་དོན་སྙིང་ལྡན་པ་གལ་ཆེན་པོ་ཞིག་ཕུལ་ཡོད་རེད། དེ་འདྲ་ཡིན་པའི་ཆ་ནས་ཁོང་རང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཊོམ་མཆོག་གི་སྲིད་འཛིན་གྱི་དུས་ཡུན་རིང་ལ། སྔ་རྗེས་མང་པོ་ཞིག་ལ་བོད་དོན་ཁྲིམས་འཆར་ཁག་ལ་རིམ་པ་བཞིན་དུ་ཁོང་རང་གིས་མོས་མཐུན་དང་མཚན་རྟགས་བཀོད་གནང་ཡོད་རེད། དེ་བཞིན་བོད་དང་བོད་མིའི་དོན་དུ་སྔར་ལས་ལྷག་པའི་རོགས་དངུལ་མཐུན་སྦྱར་རྒྱ་ཆེན་པོ་གནང་ཡོད་རེད། ལྷག་པར་དུ་རྒྱལ་སྤྱིའི་རང་དབང་དང་མང་གཙོའི་དགྲ་བོ་རྒྱ་ནག་གི་ངན་མཚང་འཛམ་བུ་གླིང་འདིའི་སྒང་ལ་གསལ་འདོན་དང་།ཐེར་འདོན། འགོག་རྒོལ་བྱས་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་པའི་ཆ་ནས་ཁོང་རང་གི་རླབས་ཆེན་གྱི་ལས་དོན་དེ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཉེ་ལམ་གྲོས་ཚོགས་འཐུས་མི་སི་ཁོ་ཊི-ཕེ་རི་(Scott Perry) མཆོག་གིས་སྲིད་འཛིན་མཆོག་ལ་བོད་རང་བཙན་ངོས་འཛིན་གནང་དགོས་པའི་ཕྱག་བྲིས་ཤིག་ཕུལ་བ་དེ། ཊོམ་མཆོག་གི་སྲིད་འཛིན་གྱི་ལས་ཡུན་དང་པོ་དེ་མ་འཁྱོར་བའི་སྔོན་ལ་ངེས་པར་དུ་མོས་མཐུན་དང་ཕྱག་བསྟར་གནང་རོགས་ཞུ་བའི་བདེན་རྒྱབ་ཞུ་སྐུལ་གྱི་དོན་དུ་ང་ཚོས་ལས་འགུལ་གཅིག་སྤེལ་གྱི་ཡོད་”ཅེས་འགྲེལ་བརྗོད་བྱས་འདུག 

རང་བཙན་ལས་འགུལ་བ་ཁོང་གིས་ད་ཐེངས་ཀྱི་ལས་འགུལ་འདིའི་ཐོག་ཏུ་སྙན་ཞུ་གཉིས་གྲ་སྒྲིག་བྱས་པ་ལས། དང་པོ་དེ་ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོ་ཊི-ཕེ་རི་(Scott Perry) ཡིས་ཨ་རིའི་སྲིད་འཛིན་ལ་བོད་རང་བཙན་ངོས་འཛིན་དགོས་པའི་ཞུ་ཡིག་ཕུལ་བར་ཐུགས་རྗེ་ཆེ་ཞུ་བའི་ཆེད་དང་། གཉིས་པ་དེ་སྲིད་འཛིན་ཊོམ་ལ་སི་ཁོ་ཊི-ཕེ་རི་(Scott Perry) ཡིས་ཕུལ་བའི་ཞུ་ཡིག་དེ་ལག་ལན་བསྟར་ནས་བོད་རང་བཙན་ངོས་འཛིན་གནང་རོགས་ཞུ་བའི་ཆེད་ཡིན་སྐོར་གསུངས་འདུག 

གཞན་ཡང་། ལས་འགུལ་དེར་བོད་མི་ཚང་མ་མཉམ་ཞུགས་དགོས་པ་དང་། ལས་འགུལ་དེའི་གལ་ཆེའི་རང་བཞིན་དང་འབྲེལ་བའི་ཐད་ལ། ཁོང་གིས་“ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་དགོས་པ་དེ་དབུ་མ་དང་རང་བཙན་གཉིས་ཀར་དགོས་པའི་གནད་དོན་ཞིག་ཆགས་བསྡད་ཡོད་”པས། དབུ་མ་དང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚང་མ་ཡོང་ནས་ལས་འགུལ་དེར་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད་བརྗོད་པའི་ཐོག “རྒྱལ་སྤྱིའི་ཐོག་ལ་བོད་རང་བཙན་ངོས་འཛིན་དགོས་པ་དེ་བོད་དོན་བདེན་རྒྱབ་ཀྱི་རིམ་པ་ཚད་མཐོ་ཤོས་དེ་ཆགས་ཡོད་”སྟབས།  དེར་ནུས་ཤུགས་འདོན་རྒྱུ་ནི་བོད་མི་སྤྱི་སྒེར་ཚང་མའི་ལྡོག་ཏུ་མེད་པའི་ལས་འགན་ཆགས་པ་དང་། ད་ལྟ་སྲིད་འཛིན་ཊོམ་གྱི་ལས་ཡུན་རྫོགས་པར་ཉིན་༢༠ ལྷག་ལས་མེད་པ་དང་། སྲིད་འཛིན་ཊོམ་གྱི་ལས་ཡུན་མ་རྫོགས་གོང་དུ་བོད་དང་ཐའེ་ཝན་གཉིས་རང་བཙན་དུ་ངོས་འཛིན་གནང་བའི་རེ་བ་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བྱང་ཨ་རིའི་དོན་གཅོད་སོགས་ཀྱིས་མཚོན་པའི་ཚོགས་པ་ཆེ་ཆུང་ཁག་དང་། བོད་མི་ཚང་མས་འགན་ཁུར་བའི་ཐོག་ནས་ལས་འགུལ་དེར་ནུས་ཤུགས་འདོན་དགོས་པའི་རེ་འབོད་བྱས་འདུག 

ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོ་ཊི-ཕེ་རི་(Scott Perry)ཡིས་ཕྱི་ཟླ་༡༢ ཚེས་༡༦ ཉིན་ཨ་རིའི་སྲིད་འཛིན་ཊོམ་ལ་བོད་རང་བཙན་ངོས་འཛིན་དགོས་པའི་ཞུ་ཡིག་ཅིག་ཕུལ་བའི་ནང་། ཁོང་གིས་“བོད་ཆོལ་ཁ་གསུམ་(དབུས་གཙང་དང་། ཨ་མདོ། ཁམས)དུ་འཚོ་བའི་བོད་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་པོར་རང་བཙན་ནམ་ཚད་མཐོ་བའི་རང་སྲིད་རང་སྐྱོང་འོག་འཚོ་གནས་བྱས་ཡོད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༡ ལོར་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་”ཅེས་གསུངས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།