རྒྱ་གཞུང་གིས་ཐའེ་ཝན་དང་བོད་མི་སོགས་ལ་དམིགས་ནས་གནོད་འཚེ་ཅན་གྱི་མཉེན་ཆས་བེད་སྤྱོད་བྱེད་ཀྱི་ཡོད་འདུག

དབྱིན་ཇིའི་རྒྱལ་ཡོངས་དྲྭ་རྒྱའི་བདེ་འཇགས་ལྟེ་གནས་ཁང་སོགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་བ། ཐའེ་ཝན་བ་དང་མང་གཙོ་དོན་གཉེར་བ་སོགས་ལ་དམིགས་འབེན་བྱས་ནས་གནོད་འཚེ་ཅན་གྱི་མཉེན་ཆས་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

པར། LATESTLY

ཟླ་འདིའི་ཚེས་༡༠ ཉིན་(LATESTLY) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་ལྷག་པའི་ཉིན། དབྱིན་ཇིའི་རྒྱལ་ཡོངས་དྲྭ་རྒྱའི་བདེ་འཇགས་ལྟེ་གནས་ཁང་དང་། དྲྭ་རྒྱའི་བདེ་འཇགས་དང་གསང་བའི་ལས་དོན་ལ་དམིགས་ནས་བཙུགས་པའི་རྒྱལ་སྤྱིའི་ཚོགས་པ་འདྲ་མིན་གྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་།

གསལ་བསྒྲགས་ཀྱི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོ་ལུང་འདྲེན་བྱས་ནས། དྲྭ་ཐོག་མྱུལ་ཞིབ་བྱེད་མཁན་(Hacker) ཚོས་གསང་མྱུལ་མཉེན་ཆས་རིགས་གཉིས་བེད་སྤྱོད་བྱས་ནས་ཡུ་གུར་བ་དང་བོད་མི། ཐའེ་ཝན་བ། སྤྱི་དམངས་ཚོགས་སྡེ་(Civil Society) ་ལ་མྱུལ་ཞིབ་བྱེད་ཀྱི་ཡོད་པར་བརྗོད་འདུག

དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་།  གནོད་འཚེ་ཅན་གྱི་མཉེན་ཆས་(MOONSHINE) དང་(BADBAZAAR) ཞེས་པ་དག་གིས་གློག་ཀླད་ཡོ་ཆས་ཀྱི་སྒྲ་འཛིན་འཕྲུལ་ཆས་དང་། པར་ཆས་ནང་དུ་འཛུལ་ཏེ་འཕྲིན་ཡིག་དང་། པར་རིས། ས་གནས་ཀྱི་གནས་ཚུལ་སོགས་བསྡུ་ལེན་དང་། གློག་ཀླད་བེད་སྤྱོད་གཏོང་མཁན་ཚོ་ལ་དུས་ཐོག་ཏུ་མྱུལ་ཞིབ་བྱེད་ཐུབ་ཀྱི་ཡོད་པར་བརྗོད་འདུག་ལ། མཉེན་ཆས་འགའ་ཞིག་གིས་ཝ་ཙབ་(WhatsApp) དང་སི་ཁེ་པི་(Skype) ལྟ་བུའི་སྙན་གྲགས་ཆེ་བའི་མཉེན་ཆས་ཁག་གི་ཟོལ་བྱེད་ཀྱི་ཡོད་པར་བརྗོད་འདུག

གཞན་ཡང་གསང་མྱུལ་མཉེན་ཆས་བཙུད་ཡོད་པའི་མཉེན་ཆས་མང་པོ་ཞིག་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཉེན་ཁ་ཡོད་པའི་བྱེད་སྒོ་དང་འབྲེལ་བའི་མི་སྒེར་དང་། ཚོགས་པ་ཁག་ལ་དམིགས་འབེན་བྱེད་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་རྒྱལ་ཁབ་གློག་ཀླད་བདེ་འཇགས་ལྟེ་གནས་(NCSC) ཞེས་པའི་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོ་ལུང་འདྲེན་གྱིས་བརྗོད་གསལ་ལྟར་ན། དམིགས་འབེན་བྱེད་ཉེན་ཆེ་ཤོས་ཡིན་པའི་གང་ཟག་ཁོངས་སུ་ཐའེ་ཝན་རང་བཙན་ལས་འགུལ་དང་འབྲེལ་ཡོད་མི་སྣ། བོད་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཚོགས་པ་ཁག དེ་བཞིན་ཡུ་གུར་ཁ་ཆེ་བ་དང་། ཤར་ཏུར་ཀི་སི་ཐན་ཡུ་གུར་རང་སྐྱོང་ལྗོངས་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཁག མང་གཙོ་དོན་གཉེར་བ་དང་ཕ་ལུང་ཀོང་ཞེས་རྩ་རླུང་སྒོམ་སྒྲུབ་ཚོགས་པའི་ཚོགས་མི་བཅས་ཆགས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།