རྒྱ་གཞུང་གིས་དྲྭ་ཐོག་ཁྲོམ་རའི་ཐོག་དབྱིན་ཡིག་(Tibet)བེད་སྤྱོད་བཏང་ན་ཁྲོམ་ར་ནས་འཕུད་རྒྱུ་རེད་འདུག

ཟླ་འདིའི་ཚེས་༡༥ ཉིན་(South china morning post) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དྲྭ་ཐོག་ཚོང་ལས་གཉེར་མཁན་ཚོས་ཐོན་རྫས་ཐོག་བོད་(Tibet) ་ཞེས་པའི་ཚིག་དེ་འགྱུར་བ་བཏང་ནས་(Xizang) ་ཞེས་འགོད་དགོས་པ་དང་། དེ་མིན་དྲྭ་ཐོག་ཁྲོམ་ར་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

པར། (South china morning post)

རྒྱ་ནག་ནང་དྲྭ་ཐོག་ཚོང་ལས་གཉེར་སའི་མཉེན་ཆས་ཝེས་ཏན་(Weidian) ཞེས་པའི་ནང་ཁེ་ལས་པ་ཆུང་བ་དང་འབྲིང་གྲས་ས་ཡ་མང་པོས་ཚོང་རྒྱག་གི་ཡོད་པ་དང་། ད་ལྟའི་ཆར་ཚོང་ལས་གཉེར་ས་དེའི་ནང་སིམ་ཚོང་ཁང་ས་ཡ་༩༠ ལྷག་ཡོད་ཅིང་། ཉོ་ཚོང་བྱེད་ཚད་ནི་རྒྱ་སྒོར་ཐེར་འབུམ་༡༠༠ བརྒལ་གྱི་ཡོད་འདུག

ཉེ་ཆར་དྲྭ་ཐོག་ཚོང་ལས་ཁང་དེའི་སྟེགས་བུའི་ཐོག་ཚོང་པ་རྣམས་ལ་ཐོན་རྫས་ཐོག་བོད་(Tibet)་ཞེས་པའི་ཚིག་དེ་མུ་མཐུད་བཀོལ་སྤྱོད་བྱས་ན། ཐོན་རྫས་རྣམས་མཉེན་ཆས་དེའི་ནང་ནས་མེད་པ་བཟོ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ཡིན་ན་ཡང་དུས་ནམ་ཞིག་ནས་འགོ་འཛུགས་རྒྱུ་དང་གསལ་བསྒྲགས་དེ་འདྲ་སྤེལ་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་བོ་བཀོད་མེད་པ་རེད་འདུག

ཟླ་འདིའི་ཚེས་༥ ཉིན་བོད་ཀྱི་ཀོང་པོ་ཉིང་ཁྲིའི་ཁུལ་དུ་ཚོགས་པའི་”ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེངས་སྐབས་གསུམ་པ” ཞེས་པའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་གཏམ་བཤད་ཅིག་དབྱིན་ཡིག་ཐོག་ནས་སྒྲོག་སྦྱངས་བྱས་ཡོད་པའི་ནང་། ཁོས་བར་ལམ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་ཡིག་ཆ་ཁག་ཏུ་བོད་ཅེས་དབྱིན་ཡིག་ནང་(Tibet) ཞེས་བེད་སྤྱོད་གཏོང་གི་མེད་ཚུལ་དང་དེའི་ཚབ་ཏུ་(Xizang) ཞེས་པ་དེ་བེད་སྤྱོད་གཏོང་གི་ཡོད་རབས་བརྗོད་ཡོད་འདུག

བོད་(Tibet) ་ཞེས་པའི་ཚབ་ཏུ་(Xizang) ཞེས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་དང་དབྱིན་ཡིག་ནང་ཡོད་པའི་མི་དམངས་ཉིན་རེའི་ཚགས་ཤོག་བཅས་ཀྱིས་ཕྱི་ལོ་༢༠༡༩ ནས་བེད་སྤྱོད་བཏང་ཡོད་པ་དང་། རྗེས་སུ་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་(CGTN) ཞེས་པ་དང་ཤིན་ཧྭ་གསར་ཁང་སོགས་ཀྱིས་ཀྱང་བོད་ལ་དབྱིན་ཡིག་ནང་(Xizang) ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་འགོ་བཙུགས་ཡོད་འདུག ལྷག་པར་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ངོས་སུ་བོད་ལ་(Xizang) ་ཞེས་པའི་ཐ་སྙད་དེ་བཀོད་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པའི་གཏམ་བཤད་ནང་ལའང་བོད་ལ་(Tibet) ་ཞེས་པའི་ཚབ་ལ་(Xizang) ་ཞེས་པའི་མིང་དེ་བེད་སྤྱོད་བཏང་ཡོད་འདུག།

རྒྱ་ནག་གི་ས་ཆ་འགའ་ཤས་ཀྱི་མིང་རྒྱ་ཡིག་གི་ཕིན་ཡིག་ནང་བྲིས་ཡོད་པ་དང་མིང་འགའ་ཤས་རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཡིན་པ་དང་གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་ཐོག་ཡོད་པ་རྣམས་བེད་སྤྱོད་མུ་མཐུད་བྱེད་བཞིན་ཡོད་འདུག དཔེར་ན། ནང་སོག་རང་སྐྱོང་ལྗོངས་ལྟ་བུར་མཚོན་ན་དབྱིན་ཡིག་ནང་(Inner Mongolia Autonomous region) ་བེད་སྤྱོད་བྱེད་ཀྱི་ཡོད་པ་ལས་རྒྱ་ཡིག་ཕིན་ཡིག་ནང་(Nei Menggu) ་ཟེར་བའི་མིང་བསྒྱུར་ཡོད་མི་འདུག་ལ། དེ་བཞིན་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་(Urumqi) ་དང་(Kashgar) ་ཟེར་བའི་མིང་བེད་སྤྱོད་ཀྱི་ཡོད་པ་ལས་རྒྱ་ཡིག་ཕིན་ཡིག་ནང་( Wulumuqi and Kashi) ་ཟེར་ནས་མིང་བསྒྱུར་ཡོད་མི་འདུག

གཞན་ཡང་ལོ་འདིའི་སྤྱི་ཟླ་༩ པའི་ནང་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བོད་རིག་པའི་ཚོགས་ཆེན་ཟེར་བ་ཞིག་རྒྱ་ནག་པེ་ཅིན་དུ་འཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་གི་ཤེས་ཡོན་པ་དག་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དབྱིན་ཡིག་ནང་ཡོད་པའི་(Tibet) ་ཟེར་བ་དེ་བསྒྱུར་ནས་(Xizang) ་ཟེར་བ་དེ་འབྲི་དགོས་པར་བརྗོད་ཡོད་འདུག རྒྱ་ནག་གི་(harbin Engineering University) གཙུག་ལག་སློབ་ཆེན་གྱི་དགེ་རྒན་(Wang Linping) ་ཟེར་བས་རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དག་སྲ་བརྟན་ཡོང་ཐབས་སུ་བོད་ཀྱི་མིང་བརྗེ་བོ་རྒྱག་རྒྱུ་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། (Tibet) ་ཟེར་བའི་བོད་ཀྱི་མིང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ས་ཁམས་ཆགས་ཚུལ་ཐོག་ནས་གོ་བ་ལོག་པ་ཞིག་ལེན་གྱི་ཡོད་པར་བརྟེན། བོད་ཟེར་བའི་མིང་དེ་རྒྱ་ཡིག་ནང་ཡོད་པའི་ཤིས་ཙང་ཟེར་བའི་རྒྱ་ཡིག་གི་ཕིན་ཡིག་(Pinyin) ་དེ་བེད་སྤྱོད་གཏོང་དགོས་པར་བརྗོད་འདུག

 དེ་བཞིན་(Tibet) ཟེར་བའི་མིང་ཚིག་དེ་རྒྱ་ནག་གི་ཕྱི་ལོག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། མིང་ཚིག་དེ་བོད་གཅིག་པུར་མ་ཡིན་པར་དེའི་ནང་རྒྱ་ནག་གི་ཞིང་ཆེན་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་དེ་དག་ཚུད་ཀྱི་ཡོད་པས། དེ་ནི་ཏྰ་ལའི་སྐུ་ཕྲེང་བཅུ་བཞི་པས་རྗོད་བཞིན་པའི་བོད་ཆེན་པོ་ཟེར་བ་དེ་དང་གཅིག་མཚུངས་སུ་གྱུར་ཡོད་ཅེས་བརྗོད་འདུག

རྒྱ་ནག་གིས་བེད་སྤྱོད་བྱེད་པའི་ཤིས་ཙང་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཅིག་པུར་གོ་བས། མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་དག་རྒྱ་ནག་གི་ས་ཁུལ་ལས་བོད་ཀྱི་ས་ཆ་མིན་པར་བཟོ་ཐབས་བྱེད་བཞིན་ཡོད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།