རྒྱ་གཞུང་གིས་བོད་ནང་གི་དགེ་འདུན་པ་ཞིག་ལ་ལོ་གཅིག་དང་ཕྱེད་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཟླ་འདིའི་ཚེས་༢༥ ་ཉིན་བཙན་བྱོལ་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དམར་པོའི་གཞུང་གིས་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལ་ལོ་གཅིག་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། དེ་ཡང་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན། ཁོང་གིས་སྐད་འཕྲིན་ཚོགས་པ་ཞིག་ནང་༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་བརྒྱུད་འགོད་བྱས་ཡོད་འདུག་པར་བརྟེན། རྒྱ་གཞུང་གིས་དེ་ཁྲིམས་འགལ་ཡིན་པར་བསྙད་བཏགས་ནས་ཟླ༣ ་པའི་ཟླ་དཀྱིལ་ཙམ་ལ་དགོན་པའི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ནས་རེབ་གོང་སྨད་པའི་གུ་ར་ཐང་ན་ཡོད་པའི་བཙོན་ཁང་དུ་ཟླ་བ་དྲུག་མ་ཟིན་ཙམ་བཀག་ཉར་བྱས་ཡོད་འདུག
ཟླ་བ་སྔོན་མའི་ནང་རྒྱ་གཞུང་གིས་ཁོང་ལ་ལོ་གཅིག་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོང་གི་གནས་ཚུལ་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་བརྩིས་ནས་ཁྲིམས་བཤེར་དང་ཁྲིམས་ཆད་སོགས་གཏོང་སྐབས་ནང་མི་ཉེ་འབྲེལ་ཚོར་གསང་བ་བྱས་ཏེ་བརྡ་ལན་གང་ཡང་སྤྲད་མེད་པ་རེད་འདུག
ཁོང་རེབ་གོང་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཤིང་། རེབ་གོང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ཆད་ཉེས་འགེལ་བྱས། རེབ་གོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ཁྲིམས་ཐག་བཅད་ཡོད་འདུག་པ་དང་།
ད་ལྟའི་ཆར་ཁོང་གི་ནང་མི་ཉེ་འབྲེལ་ཚོ་ནི་རྒྱ་གཞུང་གི་དམ་དྲག་དང་མ་ཉེས་ཁ་གཡོག་གི་ཉེས་ཆད་འགེལ་སྲིད་པའི་འཇིགས་སྣང་འོག་ཏུ་གནས་ཡོད་འདུག་པ་དང་། འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ་ཁོང་གི་གནས་སྟངས་སོགས་འདྲི་རྒྱུ་ཡང་ཉེན་ཁ་ཞིག་ཏུ་གྱུར་ཡོད་འདུག ཟླ་འདིའི་ཚེས་༢༢ ་ནས་ཁོང་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་གནས་སྤོ་བྱས་ཡོད་འདུག
དགེ་འདུན་པ་བྱམས་པ་ཆོས་འཕེལ་ནི་རེབ་གོང་སྨད་པ་ནས་ཡིན་པ་དང་ཕྱི་ལོ་༡༩༨༦ ་ལོར་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ནས་བཞུགས་སྒར་དུ་ཡོད་པའི་མཚན་ཉིད་གྲྭ་ཚང་དུ་ལོ་བཅུའི་རིང་སློབ་གཉེར་གནང་ནས་ཕར་ཕྱིན་ཐོན། ཕྱི་ལོ་༡༩༩༦ ལོར་བོད་ལ་ཕྱིར་ལོག་སྟེ་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་དུ་བཞུགས་ནས། མཚམས་བསྙེན་སྒྲུབ་དང་ཉམས་ལེན་ལ་འབད་བཞིན་ཡོད་འདུག རྒྱ་གཞུང་གིས་དེ་སྔ་ནས་ཁོང་ལ་དོགས་ཟོན་དང་། ལྷག་པར་དུ་ཉེན་རྟོག་པས་དུས་ཆེན་སྐབས་སུ་ཁོང་ལ་གསང་ཉུལ་དང་སོ་ལྟ་བྱས་མྱོང་ཡོད་འདུག ཁོང་ནི་བོད་ཀྱི་ཡིག་གཟུགས་ལེགས་བྲིས་ལ་མཁས་པ་དང་། དོན་གཉེར་ཅན་རྣམས་ལ་ཡིག་གཟུགས་དང་དབྱིན་ཡིག་སློབ་ཁྲིད་སོགས་ཀྱང་གནང་གི་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།