རྒྱ་གཞུང་གིས་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཧོང་ཀོང་ནང་འཛུལ་རྒྱུའི་ཆོག་མཆན་སྤྲད་མི་འདུག

ཟླ་འདིའི་ཚེས་༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་དོན་ཐོག་ལས་ཀ་བྱེད་མཁན་འཇར་མན་གྱི་མི་སྣ་ཞིག་ཧོང་ཀོང་དུ་འཛུལ་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། ལོ་འདིའི་ནང་ཧོང་ཀོང་དུ་མ་བཏང་བར་བཀག་འགོག་བྱས་པའི་གནས་ཚུལ་ཐེངས་གཉིས་པ་དེ་གྱུར་ཡོད་འདུག
ཟླ་འདིའི་ཚེས་༨ ཉིན་རྒྱ་གཞུང་གིས་འཇར་མན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Advocacy group Tibet Initiative) ་ཞེས་པའི་ཚོགས་མི་ཌིལ་ཝི་ཌི་(David Missal) ་ཟེར་བའི་སྐྱེས་པ་ཞིག་ལ་པེ་ཅིང་ནས་དྲི་རྩད་ཡུན་རིང་བྱས་རྗེས་ཧོང་ཀོང་དུ་འགྲོ་ཆོག་གི་མ་རེད་ཅེས་བརྗོད་ནས་ཁོང་ཉིད་ཧོང་ཀོང་དུ་བཏང་མེད་པ་རེད་འདུག
གནས་ཚུལ་དེ་དང་འབྲེལ་ཁ་སང་ཁོང་གིས་སྒེར་གྱི་ཨིག་སི་(X) ་བརྒྱུད་ལམ་ཐོག་ཏུ། ཁོང་ཉིད་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཧོང་ཀོང་དུ་འགྲོ་འཆར་ཡོད་པ་དང་། ས་གནས་དཔོན་རིགས་ཚོས་ཁོང་ལ་ཆུ་ཚོད་མང་པོའི་རིང་དྲི་རྩད་བྱས་རྗེས་ཧོང་ཀོང་ལ་འགྲོ་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། གཉིད་མ་ཁུག་པར་ཆུ་ཚོད་༡༣ རིང་ཕྱི་བསྐྱོད་ཞིབ་བཤེར་འོག་བསྡད་རྗེས། ཁོང་ལ་ཧོང་ཀོང་དུ་འགྲོ་ཆོག་གི་མ་རེད་ཅེས་བཤད་ཡོད་པ། དེ་བཞིན་མཐའ་མར་ཁོང་ལ་ཝེ་ཐི་ནམ་ལ་འགྲོ་ཆོག་པའི་ཆོག་མཆན་སྤྲད་ཡོད་པར་བརྗོད་འདུག
ཁོང་གིས་”ང་མཐོང་མཆན་ལག་ཁྱེར་རིན་མེད་ཀྱི་སྲིད་བྱུས་འོག་རྒྱ་ནག་ཏུ་འགྲོ་ཐུབ་སོང་། ཡིན་ན་ཡང་ཧོང་ཀོང་དུ་འགྲོ་ཐུབ་མ་སོང་ཞེས་དང་ཁོང་གི་ལག་འདྲུད་སྒམ་ཡང་ཞིབ་བཤེར་བྱས་སོང་ཞེས་བརྗོད་འདུག
ན་ནིང་རྒྱ་གཞུང་གིས་འཇར་མན་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་ལག་ཁྱེར་འཛིན་མཁན་ཚོ་ལ་མཐོང་མཆན་ལག་ཁྱེར་རིན་མེད་ཐོག་རྒྱ་ནག་ཏུ་ཉིན་གྲངས་བཅོ་ལྔའི་རིང་འགྲོ་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་། ལོ་འདིའི་ལོ་འགོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས།
རྒྱལ་སྤྱིའི་གསར་འགོད་པའི་ལྟ་སྲུང་ཚོགས་པ་(RSF)ཡིས་ཁོང་ཚོའི་སྐུ་ཚབ་གཅིག་ཧོང་ཀོང་དུ་འགྲོ་གྲབས་བྱེད་སྐབས་བཀག་འགོག་དང་དྲི་རྩད་བྱས་རྗེས་ཕྱིར་འབུད་བཏང་བ་རེད་ཅེས་བརྗོད་འདུག
ཌིལ་ཝི་ཌིས་ཁོང་ཉིད་ཐོག་མར་རྒྱ་ནག་དང་ཧོང་ཀོང་། ཝེ་ཐི་ནམ་བཅས་སུ་འགྲོ་འཆར་ཡོད་ན་ཡང་། རྒྱ་གཞུང་གིས་ཁོང་ཉིད་ཧོང་ཀོང་དུ་བཏང་མེད་པ་དང་། ཁོང་ཉིད་རྒྱལ་ཁབ་དེ་དག་ལ་གུང་གསེང་ཆེད་སྤྲོ་འཆམ་ལ་འགྲོ་བ་ལས་ལས་ཀ་དང་འབྲེལ་བ་མེད་ཅེས་བརྗོད་འདུག
གཞན་ཡང་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་པ་སངས་ཉིན་ཨ་རིའི་གཞུང་གིས་ཧོང་ཀོང་དུ་ཚོང་ལས་གཉེར་མཁན་ཚོ་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་ཉེན་བརྡ་བཏང་ཡོད་འདུག
སྔོན་མ་དབྱིན་ཇིའི་མངའ་ཁོངས་སུ་བསྡད་མྱོང་བའི་ཧོང་ཀོང་ནི་དེ་སྔར་རྒྱ་ནག་གི་ཁྱབ་ཁོངས་སུ་རང་དབང་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ས་ཁུལ་དེ་རྩིས་སྤྲོད་མ་བྱས་པའི་སྔོན་དུ་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུར་མོས་མཐུན་བྱས་ཡོད་ཀྱང་། ཕྱི་ལོ་༢༠༡༩ ལོའི་མང་ཚོགས་ཀྱི་ངོ་རྒོལ་ཆེན་མོ་བྱུང་བ་ནས་བཟུང་པེ་ཅིང་གྱིས་ངོ་རྒོལ་མེད་པར་བཟོ་ཆེད་ཁྱབ་ཆེ་བའི་བདེ་འཇགས་ཀྱི་ཁྲིམས་ལུགས་ཤིག་ལག་བསྟར་བྱེད་བཞིན་ཡོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་༢༠༢༠ ལོའི་བདེ་འཇགས་ཁྲིམས་ལུགས་འོག་མི་གྲངས་༣༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག་ལ། འཛིན་བཟུང་བྱས་པའི་ཁྲོད་དུ་ཨ་རིའི་མི་སེར་གཅིག་ཀྱང་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།