རྒྱ་གཞུང་གིས་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་སྐུ་གྲོངས་ཟིན་སྐོར་བརྗོད་པ་ལས་སྐུ་ཕུང་རྩིས་སྤྲད་མི་འདུག

བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་གདན་རབས་བཅུ་པ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་ཟླ་བ་མང་པོའི་གོང་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀར་ཉར་བྱས་ཡོད་འདུག་པ་དང་། ཁ་སང་རྒྱ་ནག་གཞུང་གིས་དགོན་པའི་གནད་ཡོད་མི་སྣ་ཚོར་ལ་ཁོང་སྐུ་གྲོངས་ཟིན་ཡོད་ཚུལ་བརྗོད་ཡོད་པ་ལས་གནས་ཚུལ་གཞན་གང་ཡང་མ་བཤད་པ་མ་ཟད། སྐུ་ཕུང་རྩིས་སྤྲོད་ཀྱང་བྱས་ཡོད་མི་འདུག
ཕྱི་ཟླ་༣པའི་ཚེས་༢ ཉིན་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་དང་མི་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཁ་སང་རྒྱ་ནག་གཞུང་འབྲེལ་མི་སྣས་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུའམ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་༨ ཙམ་གྱི་རྗེས་སུ་ཁོང་སྐུ་གྲོངས་སོང་ཞེས་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག་པ་དང་། དེ་རྗེས་ལུང་སྔོན་དགོན་པའི་མཁན་པོ་གཙོས་པའི་དགོན་པའི་གནད་ཡོད་མི་སྣ་ཁག་ཅིག་སྐད་བཏང་ནས་སྤྲུལ་སྐུ་ཁོང་འདས་གྲོངས་སུ་གྱུར་ཡོད་པའི་ཡིག་ཆ་ཞིག་གི་ཐོག་ཏུ་མཚན་རྟགས་བཀོད་བཅུག་ཡོད་པ་ལས་ཁོང་གི་སྐུ་ཕུང་གང་དུ་ཡོད་པ་དང་། ཟླ་དུས་ནམ་ཞིག་ལ་སྐུ་གྲོངས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཤད་མི་འདུག་པས་ད་ཆར་ཤེས་རྟོགས་ཐུབ་ཀྱི་ཡོད་མི་འདུག
སྤྲུལ་སྐུ་ཁོང་ཕྱི་ལོ་༢༠༢༤ ཟླ་བ་༨ པའི་ཟླ་འགོ་ཙམ་ལ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཅིང་། དུས་དེ་ནས་བཟུང་ད་བར་ཁྱོན་ཟླ་བ་༨ བརྒྱད་ཙམ་འགྲོ་གི་ཡོད་འདུག འོན་ཀྱང་། ཁ་སང་ཕྱི་ཚེས་༢ ཉིན་རྒྱ་ནག་གཞུང་གིས་ཁོང་སྐུ་གྲོངས་ཡོད་པར་བརྗོད་པ་ཙམ་ལས་སྐུ་ཕུང་རྩིས་སྤྲོད་བྱས་མེད་པ་དང་། ཁོང་གར་སོང་ཆ་མེད་དུ་གྱུར་རྗེས་མི་མང་ཁྲོད་གླེང་སློང་ཤུགས་ཆེན་པོ་བྱས་ཡོད་འདུག་ལ། སྤྲུལ་སྐུ་རིག་འཛིན་ཧཱུྃ་ཀར་རྡོ་རྗེས་ཆེད་འཛུགས་གནང་བའི་སྒེར་གཉེར་གྱི་སློབ་གྲྭ་བཞི་ཙམ་ཡོད་པར་རྗོད་ཀྱི་འདུག་ཀྱང་། སློབ་གྲྭ་དེ་དག་ཁོང་གར་སོང་ཆ་མེད་དུ་གྱུར་རྗེས་རྒྱ་གཞུང་ནས་སྒོ་བརྒྱབ་ཡོད་འདུག མ་ཟད་ཁོང་གི་བཀའ་སློབ་ཀྱི་སྒྲ་ཐག་དང་བརྙན་སོགས་བོད་ནང་མང་པོ་ཁྱབ་ཡོད་འདུག་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་གི་བཀའ་སློབ་དེ་དག་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་རྒྱུར་བཀག་འགོག་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

ད་ཆར་བོད་ནང་གི་མི་སྒེར་སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་བཞིན་པའི་ཁོང་གི་བཀའ་སློབ་འགའ་ཞིག་མཇལ་རྒྱུ་འདུག་པ་ལས། བཀའ་སློབ་གཅིག་གི་ནང་དུ། བོད་གངས་ཅན་ལྗོངས་ཀྱི་སྐྱེས་ཕོ་མོ་སུ་ཡིན་ཡང་ཕ་མེས་ཡང་མེས་དག་གིས་ཐུགས་སྐྱེད་རྒྱ་ཆེན་པོ་ལས་གནང་བའི་བསམ་གྱིས་མི་ཁྱབ་པའི་རིག་གཞུང་ཡིད་བཞིན་ནོར་བུའམ་རིག་གཞུང་གི་བང་མཛོད་འདི་བདག་པོ་རྒྱག་རྒྱུ་འདི། བོད་མི་སྐྱེ་བོ་གནམ་བསྟན་ཡོད་དོ་ཅོག་ཚང་མ་ཡིས་རང་གིས་གང་འཇོན་འཇོན་ཞིག་གི་སྟེང་ནས་བདག་པོ་རྒྱག་རྒྱུ་དང་སྲུང་སྐྱོབ་བྱ་རྒྱུ། དེ་ཡར་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་འགན་ལེན་དགོས་པ་ཞིག་རེད་ལ། ཚང་མ་ལ་དེ་འགན་ལེན་དགོས་པའི་འདུ་ཤེས་ཡོད་དགོས་ཀྱི་འདུག་ཅེས་གསུངས་འདུག དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་། དར་སྤེལ་གཏོང་དགོས་པ། དེ་ནི་བོད་མི་ཚོ་ལ་དུས་རབས་ཀྱིས་གནང་བའི་འགན་འཁྲི་ཡིན་པ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་སྤྲད་ཡོད་པས། ད་གཟོད་བོད་མི་ཚོས་སྲུང་སྐྱོབ་མ་ཐུབ་ན་བོད་མི་རང་ཉིད་ཀྱིས་མ་འཇོན་པ་ཞིག་ཡིན་པས། ཚང་མས་བོད་ཀྱི་སྐད་དང་ཡི་གེ རིག་གནས་སོགས་དར་སྤེལ་གཏོང་དགོས་པའི་སྐུལ་མ་བཏང་འདུག་ལ། དེ་བཞིན་ཁོང་གིས་བོད་ནང་གི་སློབ་གྲྭ་ཁག་གི་ནང་དུ་ཡོད་པའི་སློབ་མ་ཚོས་གཞན་གྱི་སྐད་ཡིག་གཉིས་གསུམ་ག་ཚོད་ཤེས་ཀྱང་རང་གི་རྒྱན་ཡིན་པ་ལས། ཁྱོད་རང་གི་སྐད་ཡིག་མ་ཤེས་ན་ངོ་ཚ་རེད། དེ་ལས་དང་པོ་རང་གི་སྐད་དང་ཡི་གེ་ཡག་པོ་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་འདུག བཀའ་སློབ་གཞན་ཞིག་ནང་དུ། བོད་ནང་དུ་ཤུགས་རྐྱེན་ཆེ་བའི་བླ་ཆེན་ཁག་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་དཀའ་ངལ་མང་པོ་ཞིག་སྤྲོད་བཞིན་ཡོད་པ་སོགས་གསུངས་འདུག་པ་དང་། གཞན་ཡང་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་སྐད་ཡིག དཀར་ཟས། ཡིག་གཟུགས། བཤད་གྲྭ་དང་སྒྲུབ་གྲྭའི་སྐོར་སོགས་བཀའ་སློབ་མང་དག་ཅིག་འདུག་ལ། དེ་བཞིན་བཀའ་སློབ་གཅིག་གི་ནང་དུ་ཁོང་སྐུ་སྒེར་ལ་བར་ཆད་ཆེན་པོ་ཞིག་འཕྲད་པ་དང་འབྲེལ་ཏེ་གསུངས་དོན། བྱ་བ་བཟང་པོ་ཞིག་གི་ཟུར་ན་བར་ཆད་མ་བཟང་བ་འགའ་ཡོང་རྒྱུ་ནི་འཁོར་བའི་ཆོས་ཉིད་རེད། ང་སྒེར་གྱི་མི་ཚེ་དང་གནས་ཚུལ་གྱི་ཚོད་ནས་བཤད་ན་བར་ཆད་ཆེ་བ་ཞིག་ཕལ་ཆེར་དེ་ཡིན་གྱི་རེད་བསམ་པ་སེམས་ནང་ཚོར་བ་ཡོང་གི་འདུག་ཅེས་གསུངས་འདུག

ལུང་སྔོན་དགོན་པའི་གདན་རབས་བཅུ་པ་མདོ་མཁྱེན་བརྩེའི་ཡང་སྲིད་རིག་འཛིན་ཧཱུཾ་ཀར་རྡོ་རྗེ་མཆོག་ནི། ཕྱི་ལོ་ ༡༩༦༩ ལོར་མགོ་ལོག་ཨ་སྐྱོང་གོང་མར་ཡབ་སྤྲུལ་བའི་གཏེར་ཆེན་པདྨ་གཏུམ་དྲག་རོལ་པའི་རྡོ་རྗེ་དང་ཡུམ་གད་ཐོག་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་འདུག་པ་དང་། ཕྱི་ལོ་༡༩༨༠ ནས་༡༩༨༩ བར་ལུང་སྔོན་དགོན་པ་ནས་རིག་གནས་སྤྱི་དང་བྱེ་བྲག་ནང་བསྟན་གཞུང་ལུགས་དག་ལ་སློབ་གཉེར་གནང་། ཕྱི་ལོ་༡༩༨༩ ནས་༡༩༩༤ བར་འབྲངས་སྤུངས་དགོན་པར་སློབ་གཉེར་གནང་སྟེ་རབ་འབྱམས་མཁས་པའི་མཚན་གནས་བཞེས་ཡོད་འདུག ཕྱི་ལོ་ ༡༩༨༩ ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་༸གོང་ས་མཆོག་ཞལ་མཇལ་ཞུས་ཤིང་། མཚན་ལྡན་བླ་མ་མང་པོ་མཇལ་ཡོད་འདུག་ལ། ༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གིས་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོའི་སྐབས་སུ་མདོ་མཁྱེན་བརྩེའི་ཡང་སྲིད་དུ་ཁྲི་འདོན་མངའ་གསོལ་མཛད་ཡོད་འདུག ཕྱི་ལོ་༡༩༩༥ ནས་༡༩༩༧ བར་ཨ་རིར་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན་ནས་སློབ་སྦྱོང་གནང་ཡོད་འདུག
ཕྱི་ལོ་༢༠༠༢ ལོར་རྒྱ་ནག་གཞུང་གི་ཆོག་མཆན་ལྟར་ལུང་སྔོན་དགོས་པའི་གདན་རབས་བཅུ་པར་མངའ་གསོལ་ཁྲི་འདོན་མཛད་ཡོད་འདུག་ཅིང་། ཕྱི་ལོ་༢༠༠༤ ནས་༢༠༠༦ བར་པེ་ཅིན་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་གྱི་འཛམ་གླིང་ཆོས་ལུགས་ཀྱི་ཞིབ་འཇུག་ཐོག་ལ་སློབ་སྦྱོང་གནང་འདུག ཕྱི་ལོ་༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་ཚོགས་པ་བཙུགས་པ་དང་། ཕྱི་ལོ་༢༠༠༧ ལོ་ནས་ཁུལ་སྲིད་གཞུང་དང་སློབ་གསོ་ཅུའུ་ཟེར་བའི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུཾ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་སློབ་མ་མང་པོར་རིན་མེད་ཐོག་གསོ་སྐྱོང་གནང་ཡོད་འདུག་ཀྱང་། ཁོང་གར་སོང་ཆ་མེད་དུ་གྱུར་རྗེས་སློབ་གྲྭ་དེ་དག་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་སྒོ་བརྒྱབ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།