རྒྱ་གར་གྱི་གཞས་པ་ཞིག་གྲོངས་པར་བོད་མི་མང་པོས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་པ།
རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་ནས་ཡིན་པའི་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་(Prashant Tamang)ཞེས་པ་ཁོང་གཟའ་ཉི་མའི་ཉིན་གྲོངས་ཡོད་འདུག་ཅིང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཡིན་པས། ཁོང་ལ་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༤ བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་ནས་ཡིན་པའི་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་(Prashant Tamang)ཞེས་ཁོང་རང་ལོ་༤༣ ཐོག་གློ་བུར་དུ་ལྡི་ལི་ནང་ཡོད་པའི་རང་གི་སྡོད་གནས་སུ་གྲོངས་ཡོད་འདུག་ཅིང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཁོང་སྙིང་རྩ་འགག་ནས་གྲོངས་ཡོད་པ་བརྗོད་འདུག གཟའ་ཟླ་བའི་ཉིན་ཁོང་གི་ཕུང་པོ་རང་གི་ཕ་ཡུལ་རྡོ་རྗེ་གླིང་ལ་ཁྱེར་ཡོད་འདུག སྐབས་དེ་དུས་ཁོང་ལ་དགའ་མོས་གནང་མཁན་གྱི་མི་མང་ཕོན་ཆེན་པོ་འཛོམས་ནས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག
ཁོང་ནི་བལ་པོའི་(Gorkha)མི་རིགས་ཡིན་འདུག་ཅིང་། རྒྱ་གར་བྱང་ཤར་མངའ་སྡེ་(Uttarakhand)དང་(West Bengal)ནང་བལ་པོའི་(Gorkha)མི་རིགས་མང་པོ་ཡོད་པ་བརྗོད་འདུག ཁ་སང་གཟའ་མིག་དམར་ཉིན་ཁོང་གི་ཕུང་པོ་ཞུགས་འབུལ་བྱས་ཡོད་འདུག་པ་དང་། སྐབས་དེ་དུས་ཁོང་གི་ཕུང་པོ་འཁྱེར་ཡོང་བའི་ལམ་བར་དུ་མི་ཚོགས་མང་པོས་ཕེབས་བསུ་བྱས་ནས་ཁོང་གློ་བུར་དུ་གྲོངས་པ་ནི་བློ་ཕམ་ཆེན་པོ་བྱུང་ཡོད་པ་སོགས་ཀྱི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་གནས་ཚུལ་བཀོད་མཁན་མང་པོ་བྱུང་འདུག དམིགས་བསལ་བོད་མི་མང་པོ་ཞིག་གིས་ཁོང་ནི་བོད་དོན་ཐད་བློ་ཐག་ཉེ་པོ་དང་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཞིག་ཡིན་པས། ཁོང་གྲོངས་པ་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ཞིག་གྲོངས་པ་ཡིན་པས་བློ་ཕམ་ཆེན་པོ་བྱུང་བའི་སྐོར་གནས་ཚུལ་བཀོད་མཁན་མང་པོ་འདུག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲྭ་ཚིགས་ཐོག་ཏུ་ཡིད་སྐྱོ་བའི་གནས་ཚུལ་དེ་ལྟར་བྱུང་བ་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག་ལ། ཁོང་ནི་སྒྱུ་རྩལ་བ་གཅིག་པུ་མིན་པར་སྙིང་སྟོབས་དང་སྙིང་རྗེ་ལྡན་པའི་མི་ཞིག་ཡིན་པ། ཁོང་གིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པར་བྱེད་མཁན་གྱི་འབོད་སྒྲ་ཞིག་ཡིན་ཞེས་དང་། ཁོང་གིས་བོད་དང་བོད་ཀྱི་དྲང་བདེན་གྱི་ལས་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བ་དེ་ང་ཚོའི་དྲན་ཤེས་ནང་རྟག་ཏུ་གནས་རྒྱུ་ཡིན་པ་མ་ཟད། ཁོང་གི་བྱས་རྗེས་དང་མཛའ་བརྩེ་དེ་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ངོས་སུ་བཀོད་ནས་མི་རབས་རྗེས་མར་སེམས་འགུལ་ཐེབས་ངེས་རེད་ཅེས་གསུངས་འདུག
དེ་བཞིན་རྒྱ་གར་བྱང་ཕྱོགས་(West Bengal)མངའ་སྡེའི་ནང་ཡོད་པའི་བལ་པོའི་(Gorkha)མི་རིགས་རྣམས་ལ་མངའ་སྡེ་ལོགས་སུ་རྩོད་ཀྱི་ཡོད་འདུག་པ་དང་། (Sikkim Express)ཞེས་པའི་བརྒྱུད་ལམ་ནང་བལ་པོའི་གོར་ཁཱ་མི་རིགས་ཀྱི་ཆབ་སྲིད་ཚོགས་པ་(Chief of the Gorkha Janmukti Morcha)ཞེས་པ་དེའི་འགོ་ཁྲིད་(Bimal Gurung)ཞེས་པ་ཁོང་གིས་བརྗོད་དོན་ལ། གཞས་པ་ཁོང་ནི་ང་ཚོ་གོར་ཁཱ་མི་རིགས་རྣམས་ཀྱི་རེ་བ་དང་གཟི་བརྗིད་ཡིན་པས། ཁོང་གིས་ང་ཚོའི་མངོན་འདོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་སྐྱེལ་ཐུབ་ཡོད་པ་བརྗོད་འདུག
གཞས་པ་(Prashant Tamang)ཞེས་པ་ཁོང་ནི་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དུ་སྐྱེས་པ་དང་། ཕྱིས་སུ་(Kolkata)ནང་ཉེན་རྟོག་པ་བྱས་མྱོང་བ་དང་། སྐབས་དེ་དུས་ཉེན་རྟོག་པའི་གླུ་གཞས་འགྲན་བསྡུར་ཁྲོད་དུ་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག དེ་རྗེས་ཕྱི་ལོ་༢༠༠༧ ལོར་(Indian Idol Season 3)ཞེས་རྒྱ་གར་རྒྱལ་ཡོངས་ཀྱི་གླུ་གཞས་གླེང་སྟེགས་གྲགས་ཅན་ཞིག་གི་ཐོག་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་རྗེས། གོར་ཁཱ་མི་རིགས་རྣམས་ལ་སེམས་ཤུགས་དང་སྤོབས་པ་ཆེན་པོ་སླེབས་ཡོད་འདུག
དེ་བཞིན་ཁོང་ནི་བལ་པོའི་གློག་བརྙན་འཁྲབ་སྟོན་པ་ཡང་ཡིན་འདུག ཁོང་གིས་འདས་པའི་ལོ་ཤས་ནང་བཞུགས་སྒར་རྡ་རམ་ས་ལ་དང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གཙོས་བོད་མི་གནས་སྡོད་ས་གནས་གང་སར་ཆེད་ཕེབས་ཀྱིས་བོད་མིའི་གླུ་གཞས་ཀྱི་མཚན་ཚོགས་རིམ་པའི་ཐོག་ཆ་ཤས་བླངས་པ་མ་ཟད། རྒྱུན་དུ་བོད་དོན་ལ་བློ་སེམས་ཉེ་པོའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
