རྒྱ་གར་གྱི་དམག་སྤྱི་ཟུར་པ་ཞིག་གི་“བོད་ལ་རང་དབང་མ་ཐོབ་བར་དུ་”དམག་གི་མཇུག་རྫོགས་མེད་ཅེས་གསུངས་སོང་།
རྒྱ་གར་གྱི་དམག་སྤྱི་ཟུར་པ་དང་དམག་དོན་དཔྱད་ཞིབ་པ་བྷེ་ཁེ་ཤཱ་(GD bakshi) ཡིས་“བོད་ལ་རང་དབང་མ་ཐོབ་བར་དུ་”བོད་ཀྱི་དམག་འཐབ་ཀྱི་མཇུག་རྫོགས་མེད་ཅེས་གསུངས་སོང་།
དེ་རིང་སྔ་དྲོར་བཞུགས་སྒར་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ནས་རྒྱ་གར་གྱི་དམག་སྤྱི་ཟུར་པ་དང་དམག་དོན་དཔྱད་ཞིབ་པ་བྷེ་ཁེ་ཤཱ་(GD bakshi) གདན་འདྲེན་ཞུས་ནས་བོད་རྒྱའི་གནད་དོན་དང་འབྲེལ་བའི་གཏམ་བཤད་ཅིག་གོ་སྒྲིག་བྱས་པའི་ཐོག ཁོང་གིས་ཉེ་རབས་ལོ་རྒྱུས་ནང་བོད་མིིས་རྒྱ་ནག་ལ་ཁ་གཏད་ཇི་ལྟར་བཅག་ཚུལ་དང་། མ་འོངས་པར་རྒྱ་གར་དང་བོད་མཉམ་འབྲེལ་ཐོག་ནས་རྒྱ་ནག་ལ་འཐབ་འཛིང་བྱེད་དགོས་ཚུལ་སོགས་གསུངས།
དེ་རིང་སྔ་དྲོའི་གཏམ་བཤད་དེའི་ནང་། བོད་དོན་རྒྱབ་སྐྱོར་བ་ཁོང་གིས་“དེ་རིང་ང་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་དང་བོད་ཀྱི་བར་དུ་ལས་ཀྱི་འབྲེལ་བ་ཟབ་མོ་ཡོད་”ཅེས་བརྗོད་དེ། ཁོང་ཆུང་ཆུང་སྐབས་ནས་བོད་ལ་དོ་སྣང་བྱུང་ནས་བོད་ཀྱི་བླ་མ་ཞིག་དང་མཇལ་འཕྲད་བྱུང་ཚུལ་དང་། དེ་ནས་དམག་གི་སློབ་གྲྭར་འགྲིམ་སྐབས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་གནང་བ་ལ་སོགས་པའི་སྐོར་སོགས་གསུངས་སོང་།
ཕྱི་ལོ་ ༡༩༤༩-༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་ཀྱི་བོད་མའི་གྱེན་ལངས་ངོ་རྒོལ་དང་འབྲེལ་བའི་ཐད་ལ། དེབ་༤༠ མ་ཟིན་ཙམ་ཡོད་པའི་དམག་དོན་ལོ་རྒྱུས་སྨྲ་བ་ཁོང་གིས་“བོད་ལ་གྱེན་ལང་དང་པོ་དེ་ ༡༩༥༣ ལོར་འགོ་ཚུགས་པ་རེད། ཨ་འབྲུག་ཚང་དང་། སྤོམ་མདའ་ཚང་། ཁྱོད་ཚོས་མིང་འདི་དག་གོ་མྱོང་ངམ། འདི་དག་ཁམས་པའི་རླབས་ཆེན་གྱི་འགོ་ཁྲིད་རེད་”ཅེས་གསུངས་པའི་ཐོག ཁོ་ཚོས་ ༡༩༥༦ ལོར་ཆུ་བཞི་སྒང་དྲུག་འགོ་བཙུགས་ནས་ ༡༩༥༩ ལོར་བར་འཐབ་འཛིང་དྲག་པོ་བྱས་པ་རེད། “དེ་ནས་ཁོ་ཚོས་རྒྱ་ནག་གིས་༧ཏཱ་ལའི་བླ་མ་མཆོག་ལ་གནོད་འཚེ་གཏོང་གི་ཡོད་པ་ཤེས་པ་རེད། ༧ཏཱ་ལའི་བླ་མ་མཆོག་བོད་ནས་ཕྱི་ལ་གདན་འདྲེན་ཞུ་མཁན་དེ་ཨ་འབྲུག་ཚང་དང་སྤོམ་མདའ་ཚང་གི་ཡུལ་དམག་རྣམས་རེད། ༡༩༥༩ ལོ་མཇུག་ཏུ་ཁོང་རྒྱ་གར་ལ་བདེ་འཇགས་ངང་འབྱོར་ནས་སྐྱབས་བཅོལ་ཕུལ་”བ། དེའི་རྗེས་ཆུ་སྒང་གི་དམག་མི་ཚོས་ ༡༩༧༤ བར་དུ་གློ་སྨིན་ཐང་ནས་འཐབ་འཛིང་བྱས་ན་ཡང་། ཨ་རིའི་ཆབ་སྲིད་ཀྱི་འགྱུར་བ་ལ་བརྟེན་ནས་མཐར་ཕམ་ཉེས་བྱུང་སྐོར་སོགས་གསུངས་སོང་།
ཁོང་གིས་བོད་རྒྱའི་དམག་གི་རིམ་པ་དང་པོའི་ནང་དུ་བོད་ལ་ཕམ་ཁ་བྱུང་ཡོད་ན་ཡང་། “དམག་གི་མཇུག་ད་དུང་རྫོགས་མེད་པ་དང་། བོད་ལ་རང་དབང་མ་ཐོབ་བར་དུ་རྫོགས་མེད་”ཅེས་བརྗོད་པ་མ་ཟད། ལྟའི་ཆར་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་འགྱུར་ལྡོག་ཐེབས་ནས་འཛམ་གླིང་ཧྲིལ་པོས་རྒྱ་ནག་ལ་“ད་འགྲིགས་སོང་”ཟེར་ནས་ཁ་གཏད་གཅོག་དུས་ལ་བབ་ཡོད་སྐོར་གསུངས་སོང་། ། གསར་འགོད་པ་དཀོན་མཆོག་རབ་བརྟན།