རྒྱ་གར་གྱི་ནང་པ་རྣམས་ལ་མཇལ་ཁ་བསྩལ།

༧གོང་ས་མཆོག་གིས་ཥི་ཏཱ་(Tushita)ཆོས་ཚོགས་དང་སངྐི་སཱ་ནང་པའི་གཞོན་ནུ་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་ལ་ཞུགས་པའི་རྒྱ་གར་གྱི་ནང་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་འདུག
དེ་ཡང་རྒྱལ་བ་རིིན་པོ་ཆེའི་དྲྭ་ཚིགས་སུ་གནས་ཚུལ་འཁོད་དོན། ༢༠༢༣ ཟླ་ ༦ ཚེས་ ༡༣ ཉིན༧གོང་ས་མཆོག་གིས་ཥི་ཏཱ་(Tushita)ཆོས་ཚོགས་པ་དང་སངྐི་སཱ་ནང་པའི་གཞོན་ནུ་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་ལ་ཞུགས་པའི་རྒྱ་གར་གྱི་ནང་པ་རྣམས་ལ་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་འདུག དེ་བཞིན་༧གོང་ས་མཆོག་གིས་དད་ལྡན་པ་གཞན་མི་མང་བརྒྱ་ཕྲག་ལྷག་མཇལ་ཁ་བསྩལ་གྲུབ་རྗེས་ཕོ་བྲང་མཇལ་འཕྲད་ཁང་དུ་ཞབས་སོར་འཁོད་དེ། ཆེད་དུ་མཇལ་ཁ་ཞུ་བར་ཕེབས་པའི་རྒྱ་གར་གྱི་ནང་པའི་རྗེས་འཇུག་པ་བརྒྱ་ཕྲག་ཙམ་ལ་བཀའ་སློབ་བསྩལ་དོན། རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ནས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོ་ཐུག་པའི་གོ་སྐབས་བྱུང་བར་ཁོང་ཐུགས་དགྱེེས་པོ་བྱུང་བ་དང་། ཁོང་ནི་ནང་པའི་དགེ་སློང་ཞིག་ཡིན་པས་ཆོས་ལུགས་ཚང་མར་གུས་ཞབས་གནང་གི་ཡོད་པ། དེ་བཞིན་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་དགོས་པ་ཚང་མས་གསུང་གི་ཡོད་ཚུལ་དང་། ནང་པ་རང་གི་ནང་དུ་ལྟ་གྲུབ་མི་འདྲ་བ་ཡོད་པ་དང་། དེང་སང་དུས་རབས་ཉེར་གཅིག་པར་འཕྲུལ་ཆས་སོགས་དངོས་པོ་ཧ་ཅང་ཡར་རྒྱས་ཕྱིན་ཡོད་ཀྱང་། མིའི་སེམས་ཀྱི་ཞི་བདེ་འཕྲུལ་ཆས་ཀྱི་ཐོག་ནས་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ། ང་ཚོ་མིའི་ཀླད་པ་ཆ་ཚང་བཀོག་ནས་འཕྲུལ་ཆས་ལ་བསྒར་ནའང་བསམ་བློ་གཏོང་བའི་ནུས་པ་མེད་པས་འཕྲུལ་ཆས་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་མི་ཐུབ་པས་མིའི་ཀླད་པ་བེད་སྦྱོད་བྱེད་དགོས་པར་གསུངས་འདུག སྔོན་གྱི་རྒྱན་དྲུག་མཆོག་གཉིས་སོགས་རྒྱ་གར་གྱི་མཁས་པས་རིགས་པས་དཔྱད་པ་བྱེད་རྒྱུ་གལ་ཆེན་གསུངས་ཚུལ་དང་། གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་རྒྱ་གར་གྱི་མཁས་པ་དང་འབྲེལ་བ་བྱུང་སྟེ་རྒྱ་གར་མཁས་པ་རྣམས་བོད་དུ་ཕེབས་པ་དང་བོད་པ་ཚོས་སློབ་སྦྱོང་ཐོག་ཤུགས་བརྒྱབས་པའི་སྐོར་སོགས་གསུངས་གནང་འདུག དེ་མིན་རྒྱ་གར་གྱིས་དེང་དུས་ཤེས་ཡོན་ལ་ཤུགས་བརྒྱབས་ནས་གནའ་རབས་ཀྱི་སེམས་ཁམས་རིག་པ་ཉམས་པའི་སྐོར་དང་ནུབ་ཕྱོགས་པས་དེའི་སྐོར་དོ་སྣང་བྱེད་ཀྱི་ཡོད་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
