རྒྱ་གར་གྱིས་འབྲས་ཕྱིར་ཚོང་བཀག་སྡོམ་དང་རྒྱལ་ཁབ་༡༤༠ ལ་འཕྲད་རྒྱུའི་དཀའ་ངལ།

རྒྱ་གར་ནི་འཛམ་གླིང་ཐོག་འབྲས་ཕྱིར་ཚོང་བྱེད་མཁན་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་པ་དང་ད་ལྟའི་ཆར་རྒྱ་གར་གྱིས་འབྲས་ཕྱིར་ཚོང་བྱ་རྒྱུ་ཉུང་དུ་བཏང་བར་བརྟེན། འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན། རྒྱ་གར་གཞུང་གིས་བྷ་སི་མ་ཏི་(Basmati) མ་ཡིན་པའི་འབྲས་དཀར་རིགས་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་འདུག ལྷག་པར་དུ་ཕྱི་ལོ་༢༠༢༢ ལོར་རྒྱ་གར་གྱིས་བྷ་སི་མ་ཏི་མ་ཡིན་པའི་འབྲས་དཀར་གྱི་རིགས་ཕྱིར་ཚོང་གི་སྲིད་བྱུས་ཀྱང་བསྐྱར་བཅོས་བཏང་སྟེ། ཕྱི་ལོ་༢༠༢༢ ནས་བཟུང་བྷ་སི་མ་ཏི་མ་ཡིན་པའི་འབྲས་དཀར་རིགས་ཕྱིར་ཚོང་བྱེད་པ་ལ་དཔྱ་ཁྲལ་བརྒྱ་ཆ་༢༠% བརྒྱབ་ཡོད་པ་རེད་འདུག

རྒྱ་གར་གྱིས་རྒྱལ་ཁབ་༡༤༠ ལ་འབྲས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་ཐོག་འབྲས་ཕྱིར་ཚོང་གི་བརྒྱ་ཆ་༤༠% ཟིན་གྱི་ཡོད་པའི་དབང་གིས་རྒྱ་གར་ནི་འཛམ་གླིང་ཐོག་འབྲས་ཕྱིར་ཚོང་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད་འདུག

ཕྱི་ལོ་༢༠༢༢ ལོར་རྒྱ་གར་གྱིས་འབྲས་ཊུན་(Tons) ས་ཡ་༢༢ ་ལྷག་ཕྱིར་ཚོང་བྱས་ཡོད་པ་དང་། འཛམ་གླིང་ཐོག་འབྲས་ཕྱིར་ཚོང་བྱེད་མཁན་ཨ་རི་དང་པ་ཀི་སི་ཐན། ཝེ་ཐེ་ནམ་དང་ཐེ་ལན་ཌི་བཅས་རྒྱལ་ཁབ་བཞི་ཡི་འབྲས་ཕྱིར་ཚོང་གི་གྲངས་འབོར་ལས་ཀྱང་བརྒལ་ཡོད་འདུག

འདས་པའི་ལོ་ངོ་གཅིག་གི་རིང་རྒྱ་གར་གྱི་ནང་། འབྲས་སིལ་ཚོང་གི་གོང་ཚད་(Retail Price) ་བརྒྱ་ཆ་༡༡.༥% འཕར་ཡོད་པ་དང་འདས་པའི་ཟླ་བ་གཅིག་གི་ནང་འབྲས་སིལ་ཚོང་གི་གོང་ཚད་བརྒྱ་ཆ་༣% འཕར་ཡོད་པར་བརྟེན། རྒྱ་གར་གཞུང་གིས་བསླེབ་ལ་ཉེ་བའི་དུས་སྟོན་ཁག་གི་ནམ་དུས་སུ་མི་རྣམས་ལ་འབྲས་རིན་གོང་དམའ་བོ་དང་འདང་ངེས་ཤིག་རག་རྒྱུའི་དོན་དུ་འབྲས་ཕྱིར་ཚོང་བྱེད་རྒྱུ་ལ་བཀག་སྡོམ་བྱས་ཡོད་འདུག

འཛམ་གླིང་ཐོག་འབྲས་ཕྱིར་ཚོང་མང་ཤོས་བྱེད་མཁན་ནི་རྒྱ་ནག་དང་། དེ་ནས་རྒྱ་གར་ཆགས་ཀྱི་ཡོད་འདུག རྒྱ་གར་གྱི་འབྲས་ཀྱི་ཐོན་སྐྱེད་ལེགས་པའི་མངའ་སྡེ་ཁ་ཤས་ཀྱི་ནང་ཆར་པ་དུས་ཐོག་མ་བབས་པ་དང་། ས་ཆ་འགའ་ཤས་ལ་ཆར་ཆུ་མང་དྲགས་པའི་དབང་གིས་ས་ཞིང་འདེབས་ལས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་སྟབས་བསྟུན། རྒྱལ་ཡོངས་སུ་འབྲས་ཀྱི་རིན་གོང་མཐོ་རུ་མི་འགྲོ་བའི་ཆེད་ཕྱིར་ཚོང་བྱེད་རྒྱུ་ཉུང་དུ་བཏང་ཡོད་འདུག  ལོ་སྔོན་མ་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་པའི་དབང་གིས་འཛམ་གླིང་ཁྱོན་ཡོངས་ལ་ཟ་འབྲུ་དཀོན་པའི་དཀའ་ངལ་མང་དག་ཅིག་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གྱིས་འབྲས་བཀག་སྡོམ་བྱས་པར་བརྟེན། རྒྱ་གར་ནས་མངགས་ཉོ་བྱེད་མཁན་རྒྱལ་ཁབ་༡༤༠ ལ་འབྲས་ཀྱི་དཀའ་ངལ་འཕྲད་རྒྱུ་དང་། འཛམ་གླིང་གི་ཁྲོམ་རའི་ཁྲོད་ཟ་འབྲུའི་རིན་གོང་འཕར་རྒྱུ་རེད་འདུག རྒྱ་གར་གྱིས་འབྲས་བཀག་སྡོམ་བྱས་པ་དེ་ནི་མི་རྣམས་ཀྱིས་སེམས་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།