རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སིའི་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པ།
ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དང་མལ་ཌེབ་སི་བར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་ན་ཡང་། རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སི་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་མལ་ཌེབ་སིའི་སྲིད་འཛིན་རྒྱ་ནག་ཏུ་ཉིན་ལྔའི་རིང་འཚམས་གཟིགས་སུ་ཕྱིན་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་དང་མ་དངུལ་འཛུགས་མཁན་གྱི་ཚོང་པ་ཚོ་འགོག་ཐབས་བྱས་ཡོད་འདུག ལྷག་པར་དུ་ཧྥུའུ་ཅན་དུ་ཚོགས་པའི་མལ་ཌེབ་སིའི་ཚོང་ལས་གླེང་སྟེགས་ཐོག་ཁོང་གིས་རྒྱ་ནག་ནི་ཆེས་ཉེ་བའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གིས་མལ་ཌེབ་སི་ལ་ཡུལ་སྐོར་བ་གང་མང་གཏོང་བའི་རེ་བ་ཞུས་ཡོད་འདུག
མལ་ཌེབ་སི་ཞེས་པའི་རྒྱལ་ཁབ་དེ་ནི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་གར་ནི་མལ་ཌེལ་གྱི་ཚོང་ཤག་ཨང་གསུམ་པ་དེ་ཡིན་པས་ཕྱོགས་གཉིས་ཀྱི་ལོ་རེའི་ཡོང་འབབ་ཨ་སྒོར་ས་ཡ་༥༠༠ ཙམ་ཟིན་གྱི་ཡོད་འདུག ལྷག་པར་དུ་ཕྱི་ལོ་༢༠༢༣ ་ལོ་མལ་ཌེབ་སི་ལ་ཡུལ་སྐོར་འགྲོ་མཁན་རྒྱ་གར་བ་འབུམ་གཉིས་ལྷག་བྱུང་འདུག་ཅིང་། ཕྱོགས་གཉིས་ཀྱི་བར་འབྲེལ་ལམ་ཟབ་མོ་ཡོད་ཀྱང་། སྔ་ལོར་རྒྱ་ནག་ལ་བློ་ཐག་ཉེ་བོ་བྱེད་མཁན་(Muizzu) ཟེར་བ་དེ་མལ་ཌེབ་སིའི་སྲིད་འཛིན་དུ་བདམས་རྗེས་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སི་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་འདུག
ལོ་སྔོན་མ་མལ་ཌེབ་སིའི་སྲིད་འཛིན་གསར་པས་རྒྱ་གར་ལ་རྒྱབ་འགལ་གྱི་སྲིད་བྱུས་བཟུང་སྟེ། ཁོང་གིས་ཡུལ་དེར་ཡོད་པའི་རྒྱ་གར་གྱི་དམག་མི་དག་ཐོན་དགོས་ཞེས་བརྗོད་ཡོད་པ་མ་ཟད། མལ་ཌེབ་སིའི་སྲིད་འཛིན་གྱི་འཚམས་གཟིགས་ཐོག་མ་དེ་རྒྱ་གར་ལ་ཡོང་སྲོལ་ཡོད་ཀྱང་། ཁོང་ཉིད་ཨེ་ཤེ་ཡའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ད་ལྟའི་ཆར་རྒྱ་ནག་ལ་ཕྱིན་ཡོད་པ་སོགས་རྒྱ་གར་ལ་རྒྱབ་འགལ་གྱི་ལས་ཀ་སྣ་མང་བརྩམས་ཡོད་འདུག་ལ།
ལྷག་པར་དུ་ཉེ་ཆར་རྒྱ་གར་གྱི་སྲིད་བློན་མུ་དྷི་རྒྱ་གར་ལྷོ་ཕྱོགས་ (Lakshadweep) ་ཞེས་པའི་མཚོ་གླིང་དུ་ཕེབས་ཤིང་། ཁོང་གིས་མཚོ་གླིང་དུ་བླངས་པའི་པར་འགའ་ཊུ་ཝི་ཊར་རམ། ཡང་ན་(X) ཞེས་པའི་དྲ་ཐོག་ལ་བཞག་ཡོད་འདུག རྗེས་སུ་མལ་ཌེབ་སིའི་བློན་ཆེན་གསུམ་གྱིས་རྒྱ་གར་གྱི་སྲིད་བློན་མུ་དྷི་ལ་དྲག་སྤྱོད་པ་དང་ཨི་སི་རེལ་གྱི་ཨ་ལད་པད་ཀོ། གད་མོ་སློང་མཁན་ཞེས་དམའ་འབེབས་ཀྱི་མཆན་བྲིས་ནས་གླེང་གཞི་ཆེན་པོ་བཟོས་ཡོད་འདུག མལ་ཌེབ་སིའི་བློན་ཆེན་གསུམ་ཀ་གནས་འབྱུང་བཏང་ཡོད་ཀྱང་། རྒྱ་གར་བ་མང་པོས་མལ་ཌེབ་སི་ལ་འབྲེལ་ཐག་གཅོད་དགོས་པའི་བསམ་ཚུལ་ཡང་བཤད་ཡོད་འདུག གནས་ཚུལ་དེས་རྒྱ་གར་དང་མལ་ཌེབ་སིའི་བར་གྱི་འབྲེལ་བ་ལ་དོ་ཕོག་བཏང་ཡོད་རྗོད་མཁན་ཡང་བྱུང་འདུག
མལ་ཌེབ་སིའི་རྒྱལ་ཁབ་དེ་འཐབ་བྱུས་ཀྱི་ཆ་ནས་ས་བབ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་ཀས་ཡུལ་དེར་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད་འདུག རྒྱ་གཞུང་གིས་རྒྱལ་ཁབ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་འཇོག་ཐབས་བྱས་པར་ལྟར། ཕྱི་ལོ་༢༠༡༤ ཟླ་༩ པའི་ནང་མལ་ཌེབ་སིའི་སྲིད་གཞུང་སྔོན་མའི་སྐབས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཞུགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ཆ་ཤས་སུ་ཧིན་རྡུ་རྒྱ་མཚོའི་ས་ཁུལ་དུ་རྨང་གཞིའི་འཛུགས་སྐྲུན་དང་དཔལ་འབྱོར་མ་འཇོག་གལ་ཆེན་བྱས་ཡོད་འདུག ཡིན་ན་ཡང་། འཛུགས་སྐྲུན་དེ་དག་གིས་རྐྱེན་པས་ད་ལྟའི་ཆར་མལ་ཌེབ་སིའི་གཞུང་གིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་༡.༣ གྱི་བུ་ལོན་དགོས་ཀྱི་ཡོད་འདུག གཞན་ཡང་སོ་དྷི་ཨ་རབ་དང་རྒྱ་གར་སོགས་ཀྱིས་ཀྱང་མལ་ཌེབ་སི་ལ་དངུལ་ཕོན་ཆེན་གཡར་ཡོད་པས་རྒྱལ་ཁབ་དེ་བུ་ལོན་གྱི་ནང་དུ་ལྷུང་ཡོད་འདུག
ད་ལྟའི་ཆར་མལ་ཌེལ་སྲིད་གཞུང་གིས་རྒྱ་གར་ལ་རྒྱབ་འགལ་བྱས་ནས་རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་ཡོད་ཀྱང་། རྒྱ་གར་མེད་ན་མལ་ཌེབ་སིའི་སྲིད་གཞུང་ལ་དཀའ་ངལ་མང་དག་ཅིག་མུ་མཐུད་དུ་འཕྲད་སྲིད་པ་རེད་འདུག།
གསར་འགོད་པ།་བློ་བཟང་རྒྱ་མཚོ།