རྒྱ་གར་དང་ཡུ་རོབ་བྱང་ཕྱོགས་རྒྱལ་ཁབ་ལྔའི་ལྷན་ཚོགས་ཐོག་སྲིད་བློན་མོ་དྷི་མཉམ་ཞུགས།
ཟླ་འདིའི་ཚེས་༦ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་མོ་དྷི་ཉིན་གསུམ་གྱི་རིང་ཡུ་རོབ་ཀྱི་རྒྱལ་ཁབ་གསུམ་གྱི་ནང་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་བསྒྲུབས་ནས་ཚེས་༥ ཉིན་ཕྱི་རྒྱ་གར་དུ་འབྱོར་ཡོད་འདུག
ཐེངས་འདིའི་འཚམས་གཟིགས་ཀྱི་ལས་དོན་གལ་ཆེ་བ་ཞིག་ནི་རྒྱ་གར་དང་ཡུ་རོབ་བྱང་ཕྱོགས་རྒྱལ་ཁབ་ལྔའི་ལྷན་ཚོགས་(Nordic) ཐོག་མཉམ་ཞུགས་བྱེད་རྒྱུ་དེ་ཡིན་པས། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་རྒྱ་གར་དང་ཡུ་རོབ་བྱང་ཕྱོགས་རྒྱལ་ཁབ་ལྔ་ཡི་ལྷན་ཚོགས་ ཐེངས་གཉིས་པ་དེ་བསྐོངས་ནས་གནམ་གཤིས་འགྱུར་ལྡོག་དང་ནད་ཡམས་ཀྱི་རྗེས་སུ་དཔལ་འབྱོར་བསྐྱར་གསོ་བྱེད་རྒྱུ། ཡུག་རེན་གྱི་དམག་འཁྲུག་དང་། དེ་བཞིན་བསྐྱར་སྤྱོད་རུང་བའི་ ནུས་ཤུགས་སོགས་ཀྱི་ཐོག་ལ་གླེང་མོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཐེངས་འདི་རྒྱ་གར་དང་ཡུ་རོབ་བྱང་ཕྱོགས་རྒྱལ་ཁབ་ལྔའི་ལྷན་ཚོགས་དེ་ནི་ཊན་མ་རྒྱལ་ཁབ་ ཏུ་ཚོགས་ཡོད་པ་དང་། ལྷན་ཚོགས་ཐེངས་དང་པོ་དེ་ནི་ཕྱི་ལོ་༢༠༡༨ ལོར་འཚོགས་ཡོད་འདུག
མཚམས་གཟིགས་ཀྱི་ཉིན་མཐའ་མ་དེར་རྒྱ་གར་གྱི་སྲིད་བློན་མོ་དྷི་ནི་ཧྥ་རན་སི་ལ་ཕེབས་ནས་ཧྥ་རན་སིའི་སྲིད་འཛིན་དང་འཇལ་འཕྲད་གནང་ཡོད་པ་དང་། ཧྥ་རན་སིའིི་སྲིད་འཛིན་ལ་སྲིད་འཛིན་གྱི་དུས་ཡུན་གཉིས་པའི་རྒྱལ་ཁ་ཐོབ་ནས་འཇལ་འཕྲད་གནང་མཁན་གྱི་དབུ་ཁྲིད་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཐེངས་འདིའི་འཇལ་འཕྲད་ཐོག་ཏུ་མཉམ་རུབ་ཀྱིས་ཡུག་རེན་གྱི་ནང་དུ་འཐབ་འཛིན་གྱི་དཀའ་རྙོག་སེལ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་གི་མཉམ་ལས་དེ་རྒྱ་བསྐྱེད་གཏོང་རྒྱུ་དང་རྒྱ་གར་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་གནད་དོན་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱས་ཡོད་པ་རེད།
རྒྱ་གར་དང་ཧྥ་རན་སི་གཉིས་ཀྱི་བར་དུ་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ད་ལོ་མི་ལོ་༧༥ འཁོར་གྱི་ཡོད་པ་དང་ཧྤ་རན་སི་ནི་རྒྱ་གར་ལ་དམག་གི་མཚོན་ཆ་མཁོ་སྤྲོད་བྱེད་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་ཡིན་པའི་གནས་ཚུལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།