རྒྱ་གར་ནང་ཨི་བྷོ་ལ་ན་ཚ་སླེབས་ཡོད་པའི་དོགས་གཞི།

ལྷོ་ཨ་ཧྥི་རི་ཁའི་ལུང་པ་ནས་དར་ཁྱབ་བྱུང་སྟེ་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁ་ཤས་ནང་ཁྱབ་གདལ་དུ་ཕྱིན་ཡོད་པའི་ཨི་བྷོ་ལ་ཞེས་པའི་ནད་ཡམས་དེས་རྐྱེན་པས། ད་ལྟའི་བར་མི་གྲངས་༡༧༤༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་། རྒྱ་གར་ནང་དུའང་ནད་ཡམས་དེ་སླེབས་ཡོད་པའི་དོགས་གཞིའི་འོག  ཨི་བྷོ་ལ་ན་ཚ་ཡོད་པའི་རྒྱལ་ཁབ་ཁག་ནས་རྒྱ་གར་དུ་ཕྱིར་ལོག་མཁན་འགྲུལ་པ་རྣམས་ལ་བརྟག་དཔྱད་ནན་མོ་བྱེད་བཞིན་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༨ པའི་ཚེས་༢༧ ཉིན་ཨི་བྷོ་ལ་(Ebola) ནད་ཡམས་ཁྱབ་ཡོད་སའི་རྒྱལ་ཁབ་ཁག་ནས་རྒྱ་གར་དུ་ཕྱིར་ལོག་མཁན་མི་གྲངས་༡༡༢ ཡོད་པའི་ནང་། བྷེམ་བྷེ་གྲོང་ཁྱེར་གྱི་མི་༨༨ དང་། ལྡི་ལི་གྲོང་ཁྱེར་གྱི་མི་གྲངས་༡༧ ཡོད་པའི་ཁྲོད་ཀྱི་མི་༡ དང་མི་གཞན་༥ ལ་ཨེ་བྷོ་ལའི་ནད་རྟགས་ཚ་བ་འཕར་བ་དང་། མིད་པ་སྐྲངས་པ་བཅས་ཀྱི་རྟགས་མཚན་མངོན་ཡོད་པས། མི་གཞན་དང་འབྲེལ་འདྲིས་མེད་པའི་ཟུར་དུ་ལྟ་རྟོག་འོག་བཞག་ཡོད་པ་རེད། དེ་བཞིན་གནས་ཚུལ་ནང་ཐོན་པ་ལྟར་ན། ད་ལྟའི་ཆར་འགྲུལ་པ་དེའི་ཁྲག་ལ་བརྟག་དཔྱད་བྱས་པའི་འབྲས་བུ་ལ་སྒུག་བཞིན་པ་དང་། འབྲས་བུ་ཐོན་རྗེས་ཨི་བྷོ་ལའི་ན་ཚ་དངོས་ཡིན་མིན་ཐག་གཅོད་བྱེད་ཐུབ་པ་ཞིག་ཡིན་འདུག

08-ebola1ཨི་བྷོ་ལ་ན་ཚ་ཁྱབ་སའི་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་གར་བ་ཧ་ཅང་མང་པོ་ཡོད་ཅིང་། ད་ལྟའི་ཆར་ལུང་པ་དེ་དག་ནང་གི་ནད་ཡམས་དེས་རྐྱེན་པས་མང་ཞིག་རྒྱ་གར་དུ་ཕྱིར་ལོག་ཡོང་གི་ཡོད་པ་དང་། རྒྱ་གར་གྱི་གནམ་ཐང་ཁག་སོ་སོར་ནད་ཡམས་འདི་འགོས་ཡོད་མིན་གྱི་བརྟག་དཔྱད་ནན་མོ་བྱེད་བཞིན་ཡོད་པ་རེད།

དེ་བཞིན་ཨི་བྷོ་ལ་ནད་ཡམས་འདི་ན་ཚ་གཞན་དང་མི་འདྲ་བར་མི་གཞན་ཧ་ཅང་འགོས་སླ་བ་ཡོད་པ་དང་། ནུབ་ཨ་ཧྥི་རི་ཁའི་ནང་དུ་སྨན་ཞབས་པ་དང་། སྨན་པ་བཅས་ཚུད་པའི་ལས་བྱེད་༢༥༠ ཙམ་ལ་ནད་འབུ་དེ་འགོས་ཡོད་པས། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱལ་ཁབ་སོ་སོའི་ནང་དུ་ནད་འབུར་འདིར་གཟབ་ནན་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།།