རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་ལམ་ལུགས་སླར་གསོ།
རྒྱ་གར་དབུས་འབྲིང་རིམ་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་ཀྱིས་ལྷན་ཚོགས་དེའི་ཁོངས་སུ་གཏོགས་པའི་སློབ་གྲྭ་ཚང་མས། ༢༠༡༨ ལོ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ངེས་པར་དུ་གཏོང་དགོས་པ་དང་། དེ་བཞིན་འཛིན་རིམ་བཅུ་པ་བར་སྐད་ཡིག་གསུམ་སྦྱོང་དགོས་པ། སློབ་གྲྭའི་སློབ་སྤྱི་ཚོར་དགོས་ངེས་ཀྱི་ཆ་རྐྱེན་ཚང་གི་ཡོད་མེད་ཐད་ཡིག་ཚད་གཏོང་དགོས་པ་བཅས་ཐག་གཅོད་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༡ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་དབུས་འབྲིང་རིམ་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཚོགས་འདུ་འཚོགས་ནས། ཕྱི་ལོ་༢༠༡༡ ལོར་ཤེས་ཡོན་ཀྱི་ཆེད་ལས་པ་སོགས་ཀྱིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་དེས། སློབ་ཕྲུག་ཚོའི་སེམས་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་པ་དང་འབྲེལ། སློབ་ཕྲུག་རང་ཤི་རྒྱག་མཁན་ཡང་མང་པོ་བྱུང་ཡོད་པས། ལྷན་ཚོགས་ཀྱིས་ལོ་དེ་ནས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་དེར་ཞུགས་མིན་འདོད་མོས་བཟོས་པ་དང་། དེ་བཞིན་འཛིན་རིམ་དྲུག་པ་ནས་བཅུ་པ་བར་རྒྱུན་ལྡན་གྱི་ཤེས་ཡོན་གྱི་གནས་ཚད་རྟོག་ཞིབ་ཀྱི་ལམ་ལུགས་གསར་བཟོ་བྱས། དེའི་ནང་འཛིན་རིམ་བཅུ་པར་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོར་ཞུགས་མི་དགོས་པར། རྒྱུན་ལྡན་ནས་ཟླ་རེར་ཡིག་ཚད་ཆུང་ཆུང་དང་ནང་སྦྱོང་སོགས་ལ་བརྟེན་ནས་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ལ་རྟོག་ཞིབ་བྱས་ནས་བརྒྱ་ཆ་སྤྲོད་རྒྱུའི་ཡར་ཐོན་གྱི་ལམ་ལུགས་བཟོས་ཡོད་པ་རེད་དེ། ཐེངས་འདིར་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་ལམ་ལུགས་དེ་སླར་གསོ་དང་། ཕྱི་ལོ་༢༠༡༨ ལོ་ནས་ཡིག་རྒྱུགས་དེར་འདེམས་ཀ་མེད་པར་ངེས་པར་དུ་གཏོང་དགོས་པའི་ཐག་གཅོད་གསར་པ་བྱས་ཡོད་འདུག ཡིག་རྒྱུགས་དེས་འཛིན་རིམ་བཅུ་པའི་ཁྱོན་བསྡོམས་ཀྱི་བརྒྱ་ཆ་བརྒྱ་ལས་བརྒྱ་ཆ་བརྒྱད་ཅུ་ཐོབ་ཀྱི་ཡོད་པ་དང་། བརྒྱ་ཆ་ཉི་ཤུ་དེ་སློབ་གྲྭའི་སློབ་དུས་ཁག་གི་བརྒྱ་ཆ་ལ་གཞིར་འཇོག་རྒྱུ་ཡིན་འདུག
དེ་བཞིན་སྔར་ཡིན་ན་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སྐད་ཡིག་གསུམ་སྦྱོང་དགོས་ཀྱི་ཡོད་ཀྱང་། ཐེངས་འདིར་སྐད་ཡིག་གསུམ་སྦྱོང་དགོས་པའི་ལམ་ལུགས་དེ་འཛིན་རིམ་བཅུ་པ་བར་བཟོ་རྒྱུར་ཐག་གཅོད་བྱུང་ཡོད་འདུག
རྒྱ་གར་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་མང་ཆེ་བ་རྒྱ་གར་དབུས་འབྲིང་རིམ་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་པ་དང་། དེ་སྔ་ཡིན་ན་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་བོད་ཡིག་དང་དབྱིན་ཇི། ཧིན་རྡི་གསུམ་སྦྱོང་གི་ཡོད་པ་རེད། འཛིན་རིམ་བཅུ་པར་བོད་ཡིག་དང་དབྱིན་ཡིག་གི་ཡིག་རྒྱུགས་གཏོང་གི་ཡོད་པ་རེད་དེ། ཐག་གཅོད་གསར་པ་དེས་ཕལ་ཆེར་ཧིན་རྡི་འཛིན་རིམ་བཅུ་པ་བར་སྦྱོང་དགོས་པ་ཆགས་སྲིད་པ་རེད་འདུག
དེ་བཞིན་ལྷན་ཚོགས་དེའི་ཚོགས་མི་ཞིག་གིས་རྒྱ་གར་ནང་སློབ་གྲྭའི་བདག་པོའི་བཟའ་ཟླ་དང་སྤུན་མཆེད་སོགས་སློབ་གྲྭའི་སློབ་སྤྱི་ཆགས་མཁན་ཡོད་པས། དེ་དག་ལ་སློབ་གྲྭ་ཞིག་འཛིན་སྐྱོང་བྱེད་པའི་ཕུལ་བྱུང་གི་ཆ་རྐྱེན་མེད་པས། ལྷན་ཚོགས་ཀྱིས་སློབ་གྲྭའི་སློབ་སྤྱིའི་དགོས་ངེས་ཀྱི་ཆ་རྐྱེན་དང་འབྲེལ་བའི་ཡིག་རྒྱུགས་བཟོ་རྒྱུ་ཡིན་པ་དང་། དེ་དག་རྒྱུགས་འཕྲོད་དགོས་པ་ནི་སློབ་སྤྱིའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་ཐག་གཅོད་གསུམ་པོ་དེ་རྒྱ་གར་དབུས་གཞུང་གི་མི་ཆ་འཕེལ་རྒྱས་ལས་ཁང་གི་མཐའ་མའི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག
སྤྱིར་རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་དེ་འཛམ་གླིང་ནང་ཚད་གཞི་དམའ་བའི་ཁོངས་སུ་རྩི་ཡི་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོར་ཤེས་ཡོན་གྱི་སྲིད་ཇུས་དང་ལམ་ལུགས་སོགས་འབྲེལ་བའི་སྙན་ཐོའི་ནང་། རྒྱལ་ཁབ་༡༤༥ ཡི་ནང་རྒྱ་གར་ཨང་རིམ་༩༢ པ་ཆགས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།