རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་མངའ་སྡེའི་ནང་ཀོང་རེ་སིའི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

བོད་མིའི་གཞིས་ཆགས་ཆེ་ཤོས་ཡོད་སའི་ཀ་ན་ཊ་ཀའི་མངའ་སྡེའི་འདི་ལོའི་འོས་བསྡུའི་ཁྲོད་ཀོང་རེ་སི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ནས་འབྱུང་འགྱུར་ལོ་ལྔའི་རིང་མངའ་སྡེའི་གཞུང་འཛིན་ཚོགས་པ་ཆགས་ཡོད་འདུག

ཕྱི་ཟླ་༥ ཚེས་༡༠ ཉིན་ནས་ཀ་ན་ཊ་ཀའི་མངའ་སྡེའི་ནང་མངའ་སྡེའི་འོས་བསྡུ་འགོ་འཛུགས་བྱས་ཡོད་པ་དང། ཕྱི་ཚེས་༡༣ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་ཅིང། ཐེངས་འདིའི་འོས་བསྡུའི་ཁྲོད་ཀོང་རེ་སིའི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་འདུག འདས་པའི་མི་ལོ་༣༠ ནང་ཐོབ་མྱོང་མེད་པའི་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཞིག་ཐེངས་འདིའི་འོས་བསྡུ་ཁྲོད་ཐོབ་པར་བརྟེན། མ་འོངས་ལོ་ལྔའི་རིང་ཀ་ན་ཊ་ཀའི་མངའ་སྡེའི་གཞུང་འཛིན་མཁན་ཀོང་རེ་སིའི་ཚོགས་པ་ཆགས་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་ནང་ཁྱོན་རྐུབ་བཀྱག་༢༢༤ ཡོད་པ་ལས། ཐེངས་འདིའི་འོས་བསྡུའི་ཁྲོད་ཀོང་རེ་སི་(congress party)སྲིད་དོན་ཚོགས་པ་ལ་རྐུབ་བཀྱག་༡༣༥ཐོབ་ཡོད་འདུག་ལ། སྦི་རྗེ་པི་( BJP)སྲིད་དོན་ཚོགས་པ་རྐུབ་བཀྱག་༦༦། རྗེ་གྲི་ཨེ་སི་( JDS) རྐུབ་བཀྱག་༡༩། གཞན་དག་སྲིད་དོན་ཚོགས་པ་ཆུང་གྲས་རྣམས་ལ་རྐུབ་བཀྱག་༤བཅས་ཐོབ་ཡོད་འདུག 

ཐེངས་འདིའི་འོས་བསྡུའི་ཁྲོད་ཀོང་རེ་སིའི་སྲིད་དོན་ཚོགས་པ་ལ་ཕྱི་ལོ་༢༠༡༨ ལས་རྐུབ་བཀྱག་༥༥ མང་བ་ཐོབ་ཡོད་པ་དང། ཕྱི་ལོ་༡༩༨༩ ནང་ཀོང་རེ་སི་སྲིད་དོན་ཚོགས་པ་ལ་ཀ་ན་ཊ་ཀའི་ནང་ཁྱོན་རྐུབ་བཀྱག་༡༧༨ ཐོབ་མྱོང་ཡོད་པ་རེད། དེ་རིང་གི་འོས་བསྡུའི་ཁྲོད་ཀོང་རེ་སི་སྲིད་དོན་ཚོགས་པ་ལ་རྐུབ་བཀྱག་༡༣༥ ཐོབ་པ་ནི་ད་བར་ཀ་ན་ཊ་ཀའི་མངའ་སྡེའི་འོས་བསྡུའི་ཁྲོད་འོས་གྲངས་མང་ཤོས་ཐེངས་གཉིས་པ་དེ་ཡིན་འདུག

ད་ཆར་མི་མང་པོས་ཀ་ན་ཊ་ཀའི་མངའ་སྡེའི་བློན་ཆེན་སུ་ཡོང་མིན་ཐད་དོ་སྣང་ཆེན་པོ་བྱེད་བཞིན་འདུག་ལ། དེ་སྔོན་གཟའ་ཉི་མའི་ཉིན་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་རྣམས་ཚོགས་འདུ་འཚོགས་ཡོད་ཅིང། མ་འོངས་པའི་མངའ་སྡེའི་བློན་ཆེན་ནི་( Karnatake pradesh Congress Committe) ད་ལྟའི་ཀ་ན་ཊ་ཀའི་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་དྷི་ཀི་ཤི་ཀུ་མར་(DK Shivakumar)དང་། ཀ་ན་ཊ་ཀའི་མངའ་སྡེའི་བློན་ཆེན་ཟུར་པ་སི་དྷ་རམ་ཧི་(cm Siddaramiah)གཉིས་ནས་གཅིག་མངའ་སྡེ་བློན་ཆེན་ལ་བསྐོ་བཞག་བྱེད་རྒྱུ་ཡིན་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།