རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་བརྡབ་སྐྱོན་ཁྲོད་མི་ཤི་དོན་རྐྱེན་ཆེན་པོ་བྱུང་ཡོད་འདུག

རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་བརྡབ་སྐྱོན་བྱུང་ནས་མི་མང་པོའི་སྲོག་ཤོར་ཡོད་པ་དང་རྨས་སྐྱོན་ཕོག་པ་བྱས་འདུག

གསར་འགྱུར་བརྒྱུད་ཁག་ནང་གནས་ཚུལ་ཐོན་གསལ་ལ་ཁ་སང་ཕྱི་ཚེས་༢ ཉིན་གྱི་དགོང་མོ་ཆུ་ཚོད་བདུན་པ་ཡན་མན་ཙམ་ལ་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཨོ་ཌི་ཤའི་ནང་མེ་འཁོར་བརྡབ་སྐྱོན་བྱུང་ནས་དེ་རིང་ཞོགས་པ་བར་མི་གྲངས་༢༨༨ འདས་གྲོངས་སུ་གྱུར་ཡོད་པ་དང། མི་༨༥༠ ཙམ་རྨས་སྐྱོན་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་ལ། ད་དུང་ཤི་རྨས་ཀྱི་གྲངས་ཀ་མང་རུ་འགྲོ་སྲིད་པ་ཡིན་པར་རྗོད་བཞིན་འདུག  ནད་པ་རྣམས་མྱུར་སྐྱོབ་ཆེད་མངའ་སྡེ་གཞུང་ནས་མྱུར་སྐྱོབ་རླངས་འཁོར་༢༠༠འཕྲལ་དུ་བཏང་ཡོད་པ་མངའ་སྡེའི་བློན་ཆེན་པོར་ཌི་པོ་ཇི་ནག་(Pradeep jena) གསུངས་འདུག འོན་ཀྱང། ཐེངས་འདིའི་མེ་འཁོར་བརྡབ་སྐྱོན་བྱུང་དགོས་པའི་རྒྱུ་རྐྱེན་གང་ཡིན་པ་ཁ་གསལ་མི་འདུག་ཀྱང་། མངའ་སྡེ་གཞུང་གིས་རྒྱུ་རྐྱེན་གང་ཡིན་པ་ཞིབ་དཔྱད་བྱེད་བཞིན་པར་བརྗོད་འདུག

རྒྱ་གར་ནི་འཛམ་གླིང་ནང་མེ་འཁོར་མང་ཤོས་ཡོད་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པས། མེ་འཁོར་བརྡབ་སྐྱོན་བསྟུད་མར་འབྱུང་གི་ཡོད་འདུག རྒྱ་གར་གྱི་སྲིད་བློན་མོ་དྷི་ནས་འདས་གྲོངས་སུ་གྱུར་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཡི་གེ་བཏང་འདུག 

སྐབས་དེ་དུས་མེ་འཁོར་ནང་ཡོད་པའི་སྐྱེས་པ་ཞིག་གིས་བརྗོད་དོན་མེ་འཁོར་བརྡབ་སྐྱོན་བྱུང་སྐབས་ངའི་ཐོག་ཏུ་མི་བཅུ་ཉི་ཤུ་ཙམ་ཞིག་ལྷུང་བྱུང་ལ། ངའི་ལག་པ་དང་སྐེ་སོགས་རྨས་སོང། ང་ཕྱིར་ཐོན་ཡོང་དུས་མི་ཞིག་གི་ལག་པ་མེད་པ་དང། ཡང་གཞན་ཞིག་གི་རྐང་པ་མེད་པ་མཐོང་བྱུང་ཞེས་རྒྱ་གར་གྱི་( ANI) གསར་ཁང་ལ་བརྗོད་འདུག 

བརྡབ་སྐྱོན་ཤོར་པའི་མེ་འཁོར་གཉིས་ནི་ནུབ་བྷན་གལ་གྱི་ཤྰ་ལིས་མར་Shalimar ཞེས་པ་ནས་ཏ་མིན་ན་ཏུའི་གྲོང་ཁྱེར་ཅི་ནེའེ་ལ་Chennia འགྲོ་མཁན་(Comandel Express) དང་བེང་ལོར་ནས་ཧོབ་རག་ཏུ་འགྲོ་མཁན་(Howrah Superfast Express)་གཉིས་ཡིན་འདུག རྒྱ་གར་ནང་མེ་འཁོར་བརྡབ་སྐྱོན་སྡུག་ཤོས་དེ་ཕྱི་ལོ་༡༩༨༡ ལོར་བྷེ་ཧར་མངའ་སྡེའི་ནང་བྱུང་ནས་མི་༨༠༠ ཙམ་འདས་གྲོངས་ཤོར་ཡོད་འདུག་ལ། དེ་རིང་གི་དེ་ནི་བྷེ་ཧར་མངའ་སྡེའི་ནང་བྱུང་བའི་མེ་འཁོར་བརྡབ་སྐྱོན་དེའི་རྗེས་སུ་མེ་འཁོར་བརྡབ་སྐྱོན་གྱི་གནས་ཚུལ་ཆེ་ཤོས་དེ་ཆགས་ཡོད་འདུག

གསར་འགོན་པ། བསོད་ནམས་ཕུན་ཚོགས།