རྒྱ་ནག་གཞུང་གིས་ཨབ་གྷན་དུ་གཞུང་ཚབ་གསར་པ་བཏང་བས་ཏ་ལི་བྷན་ཤོག་ཁག་གིས་སྣེ་ལེན་ཟབ་རྒྱས་བྱས།
ཟླ་འདིའི་ཚེས་༡༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཏ་ལི་བྷན་གྱིས་རྒྱ་ནག་གི་གཞུང་ཚབ་པ་ལ་དགའ་བསུ་ཞུས་ཡོད་པ་དང་རྒྱ་ནག་ནི་ཡུལ་དེར་གཞུང་ཚབ་པ་གཏོང་མཁན་རྒྱལ་ཁབ་དང་པོ་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༣ ཉིན་ཏ་ལི་བྷན་གྱི་འགོ་ཁྲིད་ཚོས་རྒྱལ་ས་ཀ་བྷུ་ལ་ཡོད་པའི་སྲིད་འཛིན་གྱི་ཕོ་བྲང་དུ་རྒྱ་ནག་གི་གཞུང་ཚབ་པ་ཀྲའོ་ཞིན་ལ་སྣེ་ལེན་ཟབ་རྒྱས་བྱས་ཡོད་པ་དང་། སྐབས་དེར་སྣེ་ལེན་ཞུ་མཁན་གྱི་ཁྲོད་དུ་སྲིད་བློན་གྱི་ལས་ཚབ་(Mohammad Hassan Akhund) དང་ཕྱི་སྲིད་བློན་ཆེན་གྱི་ལས་ཚབ་(Amir Khan Muttaqi) ་གཉིས་མཉམ་དུ་ཡོད་འདུག
གནས་ཚུལ་དེ་དང་འབྲེལ་བའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་མུ་མཐུད་དུ་ཨབ་གྷ་ནི་སི་ཐན་དང་གྲོས་མོལ་དང་མཉམ་ལས་བྱ་རྒྱུ་ཡིན་ཞེས་དང་། རྒྱ་ནག་གིས་ཨབ་གྷ་ནི་སི་ཐན་གྱི་ཕྱོགས་སུ་འཛིན་པའི་སྲིད་བྱུས་ནི་ཁ་གསལ་བོ་དང་བརྟན་པོ་ཡོད་ཅེས་དང་། ཀྲའོ་ཞིན་གཞུང་ཚབ་པ་ལ་བསྐོ་བཞག་བྱས་པ་ནི་རྒྱ་ནག་གཞུང་གིས་ཡུལ་དེར་གཞུང་ཚབ་པ་རེས་མོས་ཀྱི་ཆ་ཤས་ཤིག་རེད་ཅེས་བརྗོད་ཡོད་འདུག
ཏ་ལི་བྷན་ཤོག་ཁག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཕྱི་ལོ་༢༠༢༡ ཟླ་༨ ནང་ཏ་ལི་བྷན་ཤོག་ཁག་གིས་ཡུལ་དེར་དབང་སྒྱུར་བྱས་པ་ནས་བཟུང་། རྒྱ་ནག་གི་གཞུང་ཚབ་གསར་པ་ཀྲའོ་ཞིན་ནི་ཡུལ་དེར་གཞུང་ཚབ་ཀྱི་གོ་གནས་འཛིན་མཁན་ཐོག་མ་དེ་རེད་ཅེས་བརྗོད་ཡོད་པ་མ་ཟད།
ཏ་ལི་བྷན་ཤོག་ཁག་གིས་ཀྲའོ་ཞིན་གཞུང་ཚབ་ལ་བསྐོས་པ་དེ་རྒྱལ་ཁབ་གཞན་དག་གིས་ཀྱང་ཏ་ལི་བྷན་ཤོག་ཁག་དང་འབྲེལ་བ་འཛུགས་རྒྱུའི་མཚོན་རྟགས་ཤིག་རེད་ཅེས་བརྗོད་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་གཞུང་ཚབ་པ་བཏང་བ་ནི་ཡུལ་དེར་ཤུགས་རྐྱེན་སྤྲད་རྒྱུའི་བྱ་སྤྱོད་ཀྱི་ཆ་ཤས་ཤིག་ཡིན་པར་བརྗོད།
ཨབ་གྷ་ནི་སི་ཐན་དང་ད་ལྟ་རྒྱ་ནག་གིས་དབང་བསྒྱུར་བྱས་པའི་ཤིན་ཅང་ས་ཁུལ་གཉིས་ཁྱིམ་མཚེས་ཆགས་ཀྱི་ཡོད་པར་བརྟེན་བདེ་འཇགས་ཀྱི་ཐོག་ལ་བློ་འཚབ་ཡོང་གི་ཡོད་འདུག་ཀྱང་། རྒྱ་ནག་གིས་ཨབ་གྷ་ནི་སི་ཐན་དང་འབྲེལ་ལམ་བཙུགས་ན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལེགས་གྲུབ་ཡོང་བར་ཕན་ཐོགས་ཡོང་གི་ཡོད་འདུག
༢༠༢༡ ཟླ་༨ པའི་ནང་དུ་ཨ་རིའི་གཞུང་གིས་ཨབ་གྷ་ནི་སི་ཐན་དུ་ཡོད་པའི་ཨ་རིའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱས་པར་བརྟེན། དུས་དེ་ནས་བཟུང་ཏ་ལི་བྷན་ཤོག་ཁག་གིས་རིམ་བཞིན་ཨབ་གྷ་ནི་སི་ཐན་ལ་སླར་ཡང་དབང་བསྒྱུར་བྱེད་འགོ་བཙུགས་ནས་ད་བར་ལོ་ངོ་གཉིས་ལྷག་འགྲོ་བཞིན་ཡོད་འདུག
ཏ་ལི་བྷན་གྱིས་རྒྱལ་སྤྱིའི་ཐོག་ནས་ཏ་ལི་བྷན་གྱི་གཞུང་དེ་ཁྲིམས་མཐུན་གཞུང་ཞིག་ལ་ངོས་འཛིན་ཐོབ་ཐབས་བྱས་ཀྱང་། ཏ་ལི་བྷན་གྱི་དབང་འོག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་དང་། དེ་སྔོན་ཏ་ལི་བྷན་གྱིས་ཁས་ལེན་བྱས་པའི་གནད་དོན་ཁ་ཤས་ལག་བསྟར་བྱས་མེད་པས་ད་བར་རྒྱལ་སྤྱིའི་ཐོག་ཏ་ལི་བྷན་ཤོག་ཁག་ནི་ཨབ་གྷ་ནི་སི་ཐན་གྱི་ཁྲིམས་མཐུན་གྱི་གཞུང་ཞིག་ལ་ངོས་འཛིན་བྱེད་མཁན་བྱུང་མེད་པ་དང་། ཏ་ལི་བྷན་དང་འབྲེལ་བ་བྱེད་རྒྱུ་ལ་ཐེ་ཚོམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
