རྒྱ་ནག་གི་ཕྱུག་བདག་མཱ་ཡེན་ཇུང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་དོགས་གཞི་ཆེ་རུ་འགྲོ་བཞིན་འདུག
རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ཅན་པའི་ཕྱུག་བདག་དང་། ཨཱ་ལི་བྷ་བྷ་ཚོང་ལས་ཁང་(Alibaba Group) གསར་འཛུགས་བྱེད་མཁན་མཱ་ཡེན་ཇུང་གིས་རྒྱ་ནག་གི་ཚོང་ལས་སྒྲིག་ལམ་དང་། དངུལ་ཁང་གི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་པའི་གཏམ་བཤད་ཅིག་སྤེལ་རྗེས། གར་སོང་ཆ་མེད་དུ་གྱུར་ཡོད་པའི་དོགས་གཞི་འབྱུང་བཞིན་འདུག
ཕྱི་ཟླ་༡ ཚེས་༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་བ་གཉིས་ཀྱི་ནང་ལ་རྒྱ་ནག་གི་ཕྱུག་བདག་མཱ་ཡེན་ཇུང་མི་མང་གི་མིག་ལམ་དུ་མངོན་མེད་པ་མ་ཟད། ཐ་ན་ཁོ་རང་གི་རིག་རྩལ་འགྲན་ཚོགས་ཏེ། ཨ་ཧྥི་རི་ཀའི་ཚོང་ལས་དཔའ་བོ་(Africa’s Business Heroes) ཞེས་པའི་ལེ་ཚན་མཐའ་མའི་སྟེང་དུའང་ཁོ་རང་མཐོང་རྒྱུ་མེད་པའི་གནས་ཚུལ་བྱུང་འདུག
རྒྱ་ནག་གི་ཕྱུག་བདག་ཁོས་ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༢༤ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་གཏམ་བཤད་ཅིག་སྤེལ་བའི་ནང་། ཁོས་རྒྱ་ནག་གི་དངུལ་ཁང་དང་འབྲེལ་བའི་སྒྲིག་ལམ་དང་བརྒྱུད་རིམ་རྣམས་དེང་རབས་ཀྱི་རྗེས་སུ་ཆོད་ཀྱི་མེད་པའི་སྐྱོན་བརྗོད་བྱས་རྗེས། ཁོ་ལ་ཉེན་ཁ་ཡོང་སྲིད་པའི་སེམས་ཁྲལ་འབྱུང་འགོ་ཚུགས་ཡོད་འདུག
ཉིན་དེའི་གཏམ་བཤད་ནང་། ཁོས་“དེ་རིང་གི་དཔལ་འབྱོར་ལམ་ལུགས་ནི་བཟོ་ལས་དུས་རབས་ཀྱི་ཤུལ་བཞག་རེད། ང་ཚོས་ངེས་པར་དུ་མི་རབས་རྗེས་མ་དང་ན་གཞོན་རྣམས་ཀྱི་ཆེད་དུ་ལམ་ལུགས་གསར་པ་ཞིག་འཛུགས་དགོས། ང་ཚོས་ངེས་པར་དུ་ད་ལྟའི་ལམ་ལུགས་འདི་བསྒྱུར་བཅོས་གཏོང་དགོས་”ཞེས་བཤད་ཡོད་འདུག
ཁོས་གཏམ་བཤད་དེ་སྤེལ་བའི་རྗེས། པེ་ཅིང་སྲིད་གཞུང་གིས་ཁོའི་དྲ་ཐོག་ཚོང་ལས་སྡེ་ཚན་(Ant Group)ལ་ཞིབ་བཤེར་དང་སྟངས་འཛིན་ནན་པོ་བྱེད་འགོ་བརྩམས་པ་མ་ཟད། དྲ་ཐོག་ཚོང་ལས་སྡེ་ཚན་དེ་ལ་གནོན་ཤུགས་སྤྲད་དེ་མ་རྐང་ཁྲོམ་རར་གསར་ཞུགས་ཀྱིས་ཐེངས་དང་པོ་རང་ལ་ཨ་སྒོར་ཐེར་འབུམ་༣༧ བཟོ་བའི་འཆར་གཞི་ཕྱིར་འཐེན་བྱེད་དུ་བཅུག
རྒྱ་ནག་གི་སྐད་གྲགས་ཆེ་ཤོས་ཀྱི་ཚོང་པ་ཁོ་ཨ་ཧྥི་རི་ཀའི་ཚོང་ལས་དཔའ་བོ་ཡི་ལེ་ཚན་མཐའ་མའི་སྟེང་དུ་མཐོང་རྒྱུ་མེད་པར་གྱུར་བ་དེས། ཁོའི་ཚེ་སྲོག་ལའང་ཉེན་ཁ་ཡོད་པའི་སེམས་འཚབ་དང་དོགས་པ་སྔར་བས་ཀྱང་ཆེ་བ་བྱུང་འདུག འོན་ཀྱང་། ཨཱ་ལི་བྷ་བྷ་ཚོང་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་ཁོ་ལས་འབྲེལ་གྱི་དབང་གིས་ཡོང་མ་ཐུབ་པ་ལས། གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་དེར་གཞི་རྩ་མེད་པའི་འགྲེལ་བརྗོད་བྱས་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་སྲིད་དབང་ལ་ཉེན་ཁ་བཟོ་བའམ་བཟོ་བའི་ནུས་པ་ལྡན་པའི་མི་སྒེར་དང་ཚོགས་པ་རྣམས་ཉེས་མིང་སྣ་ཚོགས་དང་ཐབས་ལམ་འདྲ་མིན་འོག་ནས་མེད་པ་བཟོ་ཡི་ཡོད་པ་ལྟར། རྒྱལ་སྤྱི་དང་རྒྱལ་ནང་དུ་ཤུགས་རྐྱེན་ཇེ་ཆེར་འགྱུར་བཞིན་པའི་མཱ་ཡེན་ཇུང་དང་། ཁོའི་ཚོང་ལས་སྡེ་ཚན་རྣམས་ཉེན་ཁར་མཐོང་ནས་ཞིབ་བཤེར་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།