རྒྱ་ནག་གིས་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཆུང་ཆུང་ཞིག་ལ་གནོན་ཤུགས་སྤྲད་ཐུབ་མི་འདུག
རྒྱ་ནག་གཞུང་གིས་ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་སུ་བདག་ཚུལ་བརྗོད་བཞིན་པ་ཡོད་པ་དང་། ཐའེ་ཝན་དང་གཞུང་འབྲེལ་ཡོད་མཁན་རྒྱལ་ཁབ་མང་པོ་ཞིག་ལ་གནོན་ཤུགས་སྤྲད་ནས་འབྲེལ་ལམ་གཅོད་དུ་འཇུག་གི་ཡོད་ཀྱང་། ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཆུང་ཤོས་སཱེ་ཝ་ཊི་ནཱིལ་གནོན་ཤུགས་སྤྲད་ཐུབ་མེད་འདུག
ཟླ་༨ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་རྗེས་མར་རྒྱ་ནག་ཏུ་གླིང་ཆེན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་རྒྱ་ནག་གི་འགོ་ཁྲིད་བར་ལྷན་ཚོགས་འཚོག་རྒྱུ་ཡིན་པ་དང་བསྟུན་ནས། རྒྱ་ནག་གིས་ཨ་ཧྥེ་རི་ཀའི་ནང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ལྷག་མ་གཅིག་པུ་སཱེ་ཝ་ཊི་ནཱི་(eSwatini) ལ་གནོན་ཤུགས་སྤྲད་ནས། ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་འཛུགས་དགོས་སྐོར་བརྗོད་ཡོད་འདུག་ཀྱང་། རྒྱལ་ཁབ་ཆུང་ཆུང་དེས་རྒྱལ་པོས་ཁས་ལེན་བྱས་མེད་པ་རེད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་བརྒྱུད་ལམ་ཁག་ཏུ། རྒྱ་ནག་དང་སཱེ་ཝ་ཊི་ནཱི་གཉིས་གཞུང་འབྲེལ་ཐོག་འབྲེལ་བ་མེད་པའི་རྒྱུ་མཚན་ནས་ཚང་མས་ཤེས་གསལ་ཡིན་པ་དང་། རྒྱ་ནག་གིས་ཨ་ཧྥེ་རི་ཀའི་ལུང་པ་གཅིག་ཀྱང་མ་ལྷག་པར། རྒྱ་ནག་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་བར་གྱི་ཕུགས་བསམ་ལྡན་པའི་མཉམ་ལས་ལ་མཉམ་ཞུགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། དེ་འདྲ་ཞིག་འབྱུང་འགྱུར་གྱི་ལོ་ཟླའི་ནང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
སཱེ་ཝ་ཊི་ནཱི་ནི་ཨ་ཧྥེ་རི་ཀའི་ནང་གཞུང་འཛིན་ལམ་ལུགས་དེ་རྒྱལ་པོའི་རིང་ལུགས་ཡིན་མཁན་གཅིག་པུ་དེ་ཡིན་འདུག་པ་དང་། ཡུལ་མི་ས་ཡ་གཅིག་ལྷག་ལས་མེད་འདུག རྒྱལ་ཁབ་དེའི་མཐོ་རིམ་མི་སྣ་ཚོས་བརྒྱུད་ལམ་ཁག་ཏུ། ཐའེ་ཝན་དང་འབྲེལ་ལམ་གཅོད་རྒྱུའི་འཆར་གཞི་མེད་སྐོར་བརྗོད་འདུག
ད་ལྟའི་ཆར་འཛམ་གླིང་ནང་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་ཡོད་མཁན་རྒྱལ་ཁབ་༡༧ ལས་མེད་པ་དང་། དེ་དག་མང་ཆེ་བ་རྒྱལ་ཁབ་་ཆུང་ཆུང་དང་ཉམས་ཐག་ཡིན་འདུག རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་ལ་འབྲེལ་ལམ་བྱེད་མཁན་མེད་པ་བཟོས་ནས་ཟུར་ཕུད་བྱེད་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་པ་དང་བསྟུན། འདས་པའི་ལོ་གཉིས་ནང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ལྔ་ཡིས་འབྲེལ་ལམ་གྱི་ཁ་ཕྱོགས་བསྒྱུར་ནས་རྒྱ་ནག་དང་འབྲེལ་ལམ་བཙུགས་ཡོད་པ་འདུག
ཉེ་བའི་ཆར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆུང་ཆུང་ཨེལ་ས་ཝལ་ཌོར་གྱིས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས། རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་པར་བརྟེན། ཐའེ་ཝན་གྱི་སྲིད་འཛིན་ཚཡེ་དབྱིང་ཝེན་གྱིས་རྒྱ་ནག་གི་བྱེད་སྟངས་དེ་ལ་ཁ་གཏད་གཅོག་རྒྱུའི་མནའ་བསྐྱལ་ཡོད་པ་རེད་འདུག ཨ་རིས་ཨེལ་ས་ཝལ་ཌོར་གྱི་ཁ་ཕྱོགས་བསྒྱུར་བ་དེར་སེམས་འཚབ་བྱེད་བཞིན་ཡོད་པ་ལྟར། ཕྱོགས་གཉིས་བར་གྱི་འབྲེལ་ལམ་བསྐྱར་ཞིབ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་ཨེལ་ས་ཝལ་ཌོར་ནང་གི་གྲུ་གཟིངས་འབབ་ཚུགས་ཤིག་བསྐྱར་གསོ་ཡོང་ཆེད་རྒྱ་ནག་གིས་མ་རྩ་འཛུགས་རྒྱུ་ཁས་ལེན་བྱས་པར་བརྟེན། རྒྱ་ནག་གི་དེ་གར་དམག་སྒར་འཛུགས་པར་ཨ་རིས་སེམས་འཚབ་བྱེད་ཀྱི་ཡོད་པ་རེད་འདུག
རྒྱ་ནག་གིས་ཨེ་ཤི་ཡ་དང་ཨ་ཧྥེ་རི་ཀ དེ་བཞིན་དཔལ་འབྱོར་གྱི་སྟོབས་ཤུགས་ཆུང་བའི་རྒྱལ་ཁབ་ཁག་ནང་འཛུགས་བསྐྲུན་གྱི་ལས་གཞིར་མ་རྩ་བཙུགས་ནས། རྒྱ་ནག་གི་ཚོང་ལམ་དང་དམག་དོན་བཀོད་བྱུས་ལ་ཁེ་ཕན་ཡོང་ཐབས་བྱེད་བཞིན་ཡོད་པས། ཨ་རི་དང་རྒྱ་གར་སོགས་ཀྱིས་དོ་སྣང་དང་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་འབྲེལ་ལམ་གྱི་ཁ་ཕྱོགས་བསྒྱུར་བཞིན་པ་དང་བསྟུན། སྲིད་འཛིན་ཚཡེ་དབྱིང་ཝེན་ལ་ཕྱོགས་འགལ་ཚོགས་པ་ནས། རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་དགོས་པའི་གནོན་ཤུགས་ཆེན་པོ་སླེབས་བཞིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།