རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་འོས་བསྡུའི་ནང་ཤུགས་རྐྱེན་སྤྲོད་ཐབས་ཇི་ལྟར་བྱེད་ཀྱི་ཡོད་དམ།


རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དང་ལྷག་པར་དུ་འོས་བསྡུའི་བརྒྱུད་རིམ་ནང་ཐེ་ཇུས་བྱས་ནས་འཛམ་བུ་གླིང་གིས་དོ་སྣང་བྱེད་དགོས་པ་བཟོས་ཡོད་རེད། ཉེ་ཆར་ཨ་རིའི་གཞུང་ནས་རྒྱ་གཞུང་གིས་འབྱུང་འགྱུར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱས་པར་སྐྱོན་བརྗོད་བྱས་པ་རེད། དེ་བཞིན། ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༩ དང་༢༠༢༡ བཅས་ལོ་གཉིས་བསྟུད་མར་འོས་བསྡུའི་(Federal election) ་ནང་གསང་བའི་སྒོ་ནས་ཐེ་གཏོགས་བྱས་ཡོད་པའི་སྙན་ཐོ་ཞིག་བཏོན་པ་རེད།
རྒྱ་གཞུང་གིས་སྲིད་གཞུང་ལ་ཕན་ཐོགས་ཆེ་བའི་གྲུབ་འབྲས་ཤིག་ཡོང་རྒྱུ་དང་ཐབས་ཇུས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་ཡོང་རྒྱུའི་ཆེད་སྔོན་ཐོན་གྱི་ལག་ཆའི་རིགས་སྤྱད་དེ་རྒྱལ་ཁབ་གཞན་གྱི་ཐོག་སོ་སོའི་ཆབ་སྲིད་ཀྱི་དགོས་དམིགས་དག་འགེལ་ཐབས་བྱས་ཡོད། རྒྱ་གཞུང་གིས་གནད་དོན་དེའི་ཐོག་གཡོ་བྱུས་རྒྱ་ཁྱབ་ཏུ་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཞན་གྱི་བདག་དབང་དང་ཁེ་ཕན་ལ་རྒྱུན་ཆད་མེད་པར་དཀའ་ངལ་བཟོ་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་བཙན་འཛུལ་གྱིས་ཡུལ་གྲུ་བདག་བཟུང་བྱེད་རྒྱུའི་དམིགས་ཡུལ་ལ་བརྟེན་ནས་རྒྱ་ནག་དང་དགྲ་ཟླ་ཡིན་པའི་རྒྱལ་ཁབ་ཚོ་ལ་མཚོན་ན་དཀའ་ངལ་དེ་དངོས་ཡོད་ཅིག་ཏུ་གྱུར་ཡོད་པ་རེད། ལོ་འདིའི་ནང་རྒྱལ་ཁབ་༥༠ ནང་དུ་འོས་བསྡུ་བྱེད་བཞིན་ཡོད་པར་བརྟེན། ཉེ་ཆར་རྒྱ་གཞུང་གིས་འོས་བསྡུ་ལ་ཐེ་གཏོགས་བྱས་པའི་ལོ་རྒྱུས་ལ་བསྐྱར་དུ་བརྟག་དཔྱད་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཆགས་ཡོད།
རྒྱ་ནག་གཞུང་གིས་འོས་བསྡུའི་ནང་ཐེ་གཏོགས་བྱེད་པའི་རྩ་བ་དེ་རྒྱལ་ཁབ་གཞན་ལ་དམིགས་པའི་རྒྱ་སྐྱེད་རང་བཞིན་གྱི་ཤུགས་རྐྱེན་བྱ་སྤྱོད་དམ་(Influence operations) ་གཞན་ལ་ཤུགས་རྐྱེན་སྤྲོད་ཐབས་ཀྱི་ལས་འགུལ་ཞེས་པ་ལ་ཐུག་ཡོད། ལས་འགུལ་དེ་ཡིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ནས་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོ་གཉོམ་ཆུང་དང་ནུས་མེད་ཡིན་པའི་རྣམ་པ་ཞིག་བསྐྲུན་ནས་དམའ་འབེབས་བྱེད་ཀྱི་ཡོད།
དྲྭ་ཚིགས་འདིའི་ནང་གི་མངོན་གསལ་དོད་པོའི་ལས་འགུལ་བ་ཞིག་ནི་དྲྭ་ཚིགས་རྫུན་མ་འབྲུག་ཅེས་པ་དེ་རེད། དྲྭ་ཚིགས་རྫུན་མ་དེ་ནི་རྒྱ་གཞུང་གིས་ཕྱི་ལོ་༢༠༡༧-༡༨ ལོ་ནས་བཟུང་སྤྱི་ཚོགས་དྲྭ་རྒྱ་སྣ་ཚོགས་བརྒྱུད་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་གཙོ་བོ་ཞིག་རེད། ཕྱི་ལོ་༢༠༢༣ ཟླ་༨ པའི་ནང་མེ་ཊ་(Meta) ་ཡིས་དྲྭ་ཚིགས་དེ་དང་འབྲེལ་བའི་ངོ་དེབ་དང་ཨིན་སི་ཊ་གྷ་རམ་(Instagram) ་གྱི་ཁ་བྱང་༩༠༠༠ ་ཙམ་བཀག་སྡོམ་བྱེད་པའི་སྐབས་སུ་གཞི་ནས་དྲྭ་ཚིགས་དེའི་ཁྱབ་ཚད་ཤེས་རྟོགས་བྱུང་བ་རེད། ད་བར་ཨ་རི་དང་དབྱིན་ཡུལ། ཨོ་སི་ཁྲོ་ལི་ཡ་བཅས་ལ་དམིགས་འབེན་བཙུགས་ནས་སྤྱི་ཚོགས་བརྒྱུད་ལམ་གྱི་སྟེགས་བུ་མ་འདྲ་བ་ལྔ་བཅུ་ལྷག་གི་སྟེང་ལས་འགུལ་དེ་སྤེལ་ཡོད་འདུག
གཞན་ཡང་། སྤྱི་ཚོགས་དྲ་ལམ་ཐོག་སྤེལ་བའི་ལས་འགུལ་ལས་བརྒལ་ཏེ། རྒྱ་གཞུང་གིས་གཞན་ལ་ཤུགས་རྐྱེན་སྤྲོད་ཐབས་ཀྱི་ལས་འགུལ་(IO) ཞེས་པའི་ཐབས་ཇུས་ནང་མངོན་གསལ་དང་ལྐོག་འགྱུར་བཅས་ཀྱི་འཐབ་བྱུས་གཉིས་ཀ་ཚུད་ཡོད་ཅིང་། ཕྱོགས་གཅིག་ནས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ། ཤུགས་རྐྱེན་ཆེ་བའི་མི་སྣ། ཆབ་སྲིད་ཚོགས་པ་དང་ཚོང་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་དུ་མ་དངུལ་བཏང་ནས་ཤུགས་རྐྱེན་སྤྲད་པ་དང་། ཕྱོགས་གཞན་ཞིག་ནས། རྒྱ་གཞུང་གི་ཐད་ཀར་མ་ཡིན་པ། གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་འཐབ་ཕྱོགས་གཅིག་གྱུར་ཁང་བརྒྱུད་ནས་གསང་བའི་ངང་ཆབ་སྲིད་ཚོགས་པའི་འོས་མི་ཁག་ལ་འབྲེལ་བ་བྱས་ནས་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་རེད།
རྒྱ་ནག་གཞུང་གིས་གཞན་ལ་ཤུགས་རྐྱེན་སྤྲོད་ཐབས་ཀྱི་ལས་འགུལ་དེས་རྒྱལ་ཁབ་གཞན་གྱི་འོས་བསྡུའི་ནང་ཐེ་གཏོགས་བྱེད་དོན་གཙོ་བོ་ནི་འདེམས་ཐོན་བྱུང་བའི་འོས་མིའམ། ཚོགས་པ་དེས་རྒྱ་ནག་ལ་ཕྱོགས་པའི་ལངས་ཕྱོགས་ཤིག་འཛིན་དུ་འཇུག་རྒྱུ་དེ་རེད། གནས་ཚུལ་རྫུན་བཟོའི་ལས་འགུལ་དེས་རྒྱ་ནག་གཞུང་གིས་དགའ་མོས་མེད་པའི་འོས་མི་ཚོ་ལ་འོས་འཕེན་མཁན་གྱི་ཡིད་ཆེས་ཉམས་དམས་སུ་བཏང་ནས་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༢༣ ཟླ་༡༡ པའི་ནང་རྒྱ་ནག་དང་འབྲེལ་བའི་ཨ་རི་བ་ཡིན་མདོག་བྱེད་མཁན་གྱི་སྤྱི་ཚོགས་དྲྭ་རྒྱའི་ཁ་བྱང་རྫུན་མ་༤༨༠༠ སྒོ་བརྒྱབ་ཡོད་པ་དང་། ཁ་བྱང་དེ་དག་གིས་ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་མ་བསླེབས་པའི་སྔ་རོལ་དུ། མི་མང་གི་བསམ་ཚུལ་ཕྱོགས་གཉིས་སུ་གྱེས་ཐབས་སུ་བཟོས་པའི་དཀྲོག་གཏམ་དག་ཆབ་སྲིད་ཀྱི་ནང་དོན་ཕྱོགས་ལྷུང་ཅན་བརྒྱུད་ནས་རྒྱུད་སྤེལ་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༢ ལོར་ཨོ་སི་ཊོ་ལི་ཡའི་འོས་བསྡུའི་སྐབས་སུ། རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ནས་ཨོ་སི་ཊོ་ལི་ཡའི་ནང་ཁུལ་དུ་རྒྱ་ནག་ལ་དགའ་ཞེན་ཡོང་བའི་ལངས་ཕྱོགས་འཛིན་རྒྱུ་ལ་སྐུལ་མ་བཏང་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ལོ་ཧྥི་ལི་ཕིང་གི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཡང་དེ་འདྲའི་སྣང་ཚུལ་བྱུང་ཡོད་འདུག
ཉེ་ཆར་རྒྱ་ནག་གིས་གནས་ཚུལ་རྫུན་བཟོ་བྱེད་པའི་ཐབས་ཇུས་ཤུགས་ཆེ་རུ་ཕྱིན་ནས། མིས་བཟོས་རིག་ནུས་བཀོལ་སྤྱོད་བྱས་ནས་དྲིལ་བསྒྲགས་ཀྱི་པར་དང་བརྙན་བཟོ་བཞིན་ཡོད་འདུག མིས་བཟོས་རིག་ནུས་ཀྱིས་བཟོས་པའི་བརྙན་དང་པར་དག་ནི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་དང་རྒྱ་ནག་གི་ཁེ་ཕན་ལ་རྒྱབ་འགལ་བྱེད་མཁན་གྱི་ཆབ་སྲིད་པ་དང་ཆབ་སྲིད་ཚོགས་པ་ཁག་ལ་དམིགས་ཡོད་འདུག
ཉེ་ཆར་(Microsoft) ་གྱིས་སྙན་ཐོ་ཞིག་བཏོན་ནས། ལོ་འདིའི་ནང་རྒྱ་གར་དང་ཨ་རི། ལྷོ་ཀོ་རི་ཡ་བཅས་ཀྱི་འོས་བསྡུའི་ནང་རྒྱ་ནག་གིས་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱས་ནས་འོས་བསྡུ་ལ་ཤུགས་རྐྱེན་སྤྲད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་དོགས་ཟོན་བྱས་ཡོད།
ལོ་འདིའི་ཟླ་བ་༡ ་པོའི་ནང་ཐའེ་ཝན་གྱི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད། རྒྱ་ནག་གིས་རིག་ནུས་དེ་ཐོག་མར་བེད་སྤྱོད་བྱས་པར་དོ་སྣང་བྱུང་ཡོད། རྒྱ་ནག་ལ་མཚོན་ན། ལས་འགུལ་དེ་དག་གི་དམིགས་ཡུལ་ནང་། ཐའེ་ཝན་གྱི་མང་གཙོའི་སྒྲོམ་གཞི་ཉམས་དམས་སུ་གཏོང་རྒྱུ་དང་། རྒྱ་ནག་གཅིག་འགྱུར་གྱི་གླེང་ཕྱོགས་དར་སྤེལ་གཏོང་རྒྱུ། དེ་བཞིན་ཐའེ་ཝན་དང་ཨ་རིའི་བར་གྱི་འབྲེལ་ལམ་ཞན་དུ་གཏོང་རྒྱུ་བཅས་རེད། ཐའེ་ཝན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐའེ་ཝན་གྱི་འོས་བསྡུའི་ནང་ཕྱིའི་རྒྱལ་ཁབ་ནས་ཐེ་བྱུས་ཐེངས་༡༠༢ ་བྱུང་ཡོད་པ་དང་མང་པོ་ཞིག་ནས་རྒྱ་ནག་ནས་བྱས་ཡོད་པར་བརྗོད་འདུག
དེ་སྔ་ཐའེ་ཝན་རང་བཙན་འདོད་མཁན་དང་ད་ཆ་ཐའེ་ཝན་གྱི་གནས་སྟངས་གང་ཡིན་པའི་ཐོག་རང་འཇགས་གནས་རྒྱུ་ལ་དགའ་མོས་ཡོད་མཁན་ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་དག་ནི་རྒྱ་ནག་གི་གནས་ཚུལ་རྫུན་བཟོ་བྱེད་མཁན་ཚོ་ཡི་དམིགས་ས་གཙོ་བོ་ཆགས་ཡོད། ཕྱི་ལོ་༢༠༡༦ ལོར་མང་གཙོ་ཡར་ཐོན་ཚོགས་པས་ཐའེ་ཝན་ལ་སྲིད་ཀྱི་དབང་ཆ་བཟུང་བ་ནས། རྒྱ་ནག་གཞུང་དང་འབྲེལ་བའི་ས་གནས་དང་སྤྱི་ཚོགས་བརྒྱུད་ལམ་ཁྲོད་རྒྱུན་ཆད་མེད་པར་དམའ་འབེབས་བྱས་ཡོད་འདུག
ལོ་འདིའི་ནང་ཐའེ་ཝན་གྱི་འོས་བསྡུའི་སྐབས་སུ། སྤྱི་ཚོགས་ཀྱི་བརྒྱུད་ལམ་ཕུད། འཐབ་ཇུས་ཀྱི་ནང་རྒྱ་གཞུང་གིས་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་པ་དང་། དམག་དཔུང་གིས་འཇིགས་སྐུལ་སོགས་བྱས་ཡོད་པར་བརྟེན། ཉེ་ཆར་ཐའེ་ཝན་གྱི་འོས་བསྡུ་ནི་རྒྱ་ནག་གིས་རྒྱལ་ཁབ་ཁག་གི་འོས་བསྡུའི་བརྒྱུད་རིམ་ལ་ཐེ་གཏོགས་བྱེད་པའི་ཤུགས་རྐྱེན་གྱི་ལས་དོན་སྣེ་མང་རྙོག་འཛིང་ཅན་ཞིག་སྤེལ་བའི་དཔེ་མཚོན་ཞིག་རེད།
རྒྱ་ནག་གིས་ཕྱི་རྒྱལ་དུ་ཆབ་སྲིད་ཀྱི་ཤུགས་རྐྱེན་རྒྱ་གང་ཆེ་སྤེལ་ཐབས་བྱས་ཀྱང་། ཉེ་ཆར་ཐའེ་ཝན་དང་ཧྥི་ལི་ཕིང་གི་འོས་བསྡུའི་གྲུབ་འབྲས་ཀྱིས་གསལ་པོར་བསྟན་པ་ལྟར། རྒྱ་ནག་གཞུང་གིས་འོས་བསྡུ་ལ་ཐེ་གཏོགས་བྱེད་པའི་ཐབས་ཇུས་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་མེད་པར་སྣང། དོན་དངོས་ཐོག་རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་བཟོའི་དྲིལ་བསྒྲགས་ལས་འགུལ་གྱིས་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་སྲུང་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་སྤྲད་པས་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱ་ནག་གི་དར་ཁྱབ་ཆེ་བའི་སྤྱི་ཚོགས་བརྒྱུད་ལམ་ཀྲིག་ཊོག་བཀག་སྡོམ་བྱས་པ་རེད།
དེ་ལྟར་ཡིན་ཡང་། རྒྱ་ནག་གིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་ཆེད། ཕྱི་རྒྱལ་གྱི་འོས་བསྡུ་ལ་ཐེ་གཏོགས་མུ་མཐུད་བྱེད་རྒྱུ་ཡིན་པའི་སྙན་ཐོ་དག་ལས་བསྟན་པས། རྒྱ་ནག་གིས་ཨུ་ཚུགས་ཀྱིས་འོས་བསྡུ་ལ་ཐེ་གཏོགས་བྱེད་རྒྱུ་ལ་གྲུབ་འབྲས་ཅི་ཞིག་ཐོན་མིན་ནི་ལོ་འདིའི་ནང་ད་དུང་བལྟ་རྒྱུ་ལྷག་ཡོད།
གསར་འགོད་པ། བློ་བཟང་རྒྱ་མཚོ།
རྩོམ་འདི་ནི་རྩོམ་པ་པོ་(Arun Anand) ་ཞེས་པས་(NEWS 18) ་ཞེས་པའི་ཚགས་ཤོག་ཐོག་བཀོད་འདུག་པས་ཚིག་དོན་ལ་བསྒྱུར་ནོར་བྱུང་ཡོད་ན་མ་ཡིག་ལྟར་འཐུས་པ་གནང་རོགས།