རྒྱ་ནག་ལ་བོད་དབང་དུ་བསྡུ་བའི་འཆར་གཞི་གསར་པ་ཞིག་ཡོད།

 

 ཨ་ཌནཛན་(Adrian Zen)གྱིས་བརྩམས། 

དཀོན་མཆོག་རབ་བརྟན་གྱིས་བསྒྱུར།  

རྒྱ་ནག་གིས་དཔལ་འབྱོར་གྱི་བསླུ་བྲིད་(སྐུལ་སློང་)ལ་བརྟེན་ནས་[བོད་ཀྱི་]རིག་གཞུང་རྒྱ་ནག་ཏུ་འཐིམ་པ་བཟོ་མ་ཐུབ་པས། ད་ནི་བཙན་དབང་གི་ངལ་རྩོལ་དང་། མི་རིགས་ཀྱི་འཚོ་བའི་ལམ་ལུགས་རང་ལ་ཕྱོགས་ཡོངས་ནས་སྟངས་འཛིན་ནན་པོ་བྱེད་པའི་ཐོག་འགྲོ་བཞིན་ཡོད། 

[རྒྱ་ནག་གིས་]ཤིང་ཅང་ལ་དྲག་གནོན་མ་བྱས་སྔོན་དུ་བོད་ལ་བྱས་ཡོད། ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་བོད་ལ་ཚོད་ལྟ་བྱས་པའི་དྲག་གནོན་གྱི་སྲིད་བྱུས་དེ་རྒྱ་ནག་གི་ནུབ་བྱང་ས་ཁུལ་དུ་ཡོད་པའི་ཡུ་གུར་བ་དང་། གྲངས་ཉུང་མི་རིགས་གཞན་དག་གི་ཐོག་ལ་དངོས་སུ་ལག་བསྟར་བྱས་ཡོད་དེ། གྲོང་ཁྱེར་ཧྲིལ་པོ་གློག་མིག་གིས་ལྟ་སྲུང་བྱེད་པ་དང་། ས་ཁུལ་ཡོངས་རྫོགས་ལ་ཉེན་རྟོག་པ་འཇོག་པ། གྲོང་པ་ཁྱིམ་མཚེས་ཕན་ཚུན་རྩིས་སྤྲོད་རེས་བྱེད་དུ་འཇུག་པ་སོགས་བྱས་ཡོད། 

ད་ནི་བརྒྱུད་རིམ་དེ་ཚུར་ལ་འཁོར་བཞིན་ཡོད་དེ། ཤིང་ཅང་གི་བཙན་དབང་གི་ངལ་རྩོལ་ལས་གཞི་དེ་(དེའི་ནང་དུ་ཞིང་པ་དང་འབྲོག་པ་རྣམས་རང་དབང་མེད་པར་ལག་ཤེས་སྦྱོར་བརྡར་ཁང་དུ་མངགས་པ་དང་། ཐག་རིང་དུ་རྒྱལ་ཁབ་ཀྱིས་སྟེར་བའི་ལས་ཀར་འགྲོ་བ་སོགས་འདུས་ཡོད།)བོད་དུ་ལག་བསྟར་བྱེད་ཀྱིན་ཡོད། (བོད་དུ་ལག་བསྟར་བྱས་པ་དེ་བཙོན་སྒར་རང་ཆགས་མེད།)

འདི་ནི་མི་རིགས་དང་རིག་གཞུང་བཙན་གྱིས་རྩ་མེད་བཟོ་བའི་སྲིད་བྱུས་ཀྱི་གོ་རིམ་ཞིག་རེད་ཟེར་ན་ཆོག་ཅིང་། པེ་ཅིང་གི་གྲངས་ཉུང་མི་རིགས་དང་རིག་གཞུང་རྩ་མེད་བཟོ་བའི་ལས་འགུལ་གདུག་རྩུབ་ཅན་དེ་ཅི་འདྲའི་གཞི་རྒྱ་ཆེ་བའི་དཔང་རྟགས་དངོས་ཀྱང་ཡིན། འདི་བོད་དང་ཤིང་ཅང་ཁོ་ནའི་ནང་དུ་མ་གཏོགས་ལག་བསྟར་མི་བྱེད་པ་ཞིག་ཀྱང་མ་ཡིན། 

ང་དང་ཇམ་སི་ཐྲོང་ཐེབས་རྩ་ཁང་(Jamestown Foundation)མཉམ་འབྲེལ་ཐོག་ནས་བདུན་ཕྲག་འདིའི་ནང་སྤེལ་བའི་སྙན་ཐོ་དེའི་ཆེད། ངས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་གཞུང་འབྲེལ་གསར་ཁང་ཁག་ནས་བཏོན་པའི་སྲིད་བྱུས་དང་ཡིག་ཆ་ ༡༠༠ ལྷག་ལ་དཔྱད་ཞིབ་བྱས་པ་ཡིན་ལ། འདྲ་པར་དག་ཏུ་སྦྱོང་བརྡར་འོག་ཡོད་པའི་བོད་མི་ཚོས་དམག་ཆས་གྱོན་འདུག གཞུང་འབྲེལ་ཡིག་ཆ་ཁག་གི་ནང་། པེ་ཅིང་གིས་ཤིང་ཅང་ལྟར་བོད་པ་ཚོའི་ཆེད་དུའང་དམག་གི་ངལ་རྩོལ་ལས་གཞི་སྤེལ་བཞིན་ཡོད་ཚུལ་བཀོད་འདུག་སྟེ། བོད་ཀྱི་འབྲོག་པ་དང་ཞིང་པ་རྣམས་དམག་གི་སྦྱོང་བརྡར་ཁང་དུ་བསྡུ་སྐོང་བྱས་ཏེ་ལས་ཀའི་སྒྲིག་ལམ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་རྗེས་དྲན། རྒྱ་ཡིག་གི་རྩལ་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་ཚུལ་བཀོད་འདུག 

གཞུང་འབྲེལ་གྱི་ཡིག་ཆ་ལྟར་ན། སྲིད་བྱུས་འདིའི་འོག་འདི་ལོའི་ཐོག་མའི་ཟླ་ངོ་ ༧ གྱི་ནང་ལས་མི་ས་ཡ་ཕྱེད་ཀ་ལྷག་ལ་སྦྱོང་བརྡར་སྤྲད་འདུག་པ་དང་། རུའུ་ཋར་གསར་ཁང་(Reuters)གིས་གནས་ཚུལ་འདི་དངོས་བདེན་ཡིན་པའི་ར་སྤྲོད་བྱས་པའི་ཐོག འབྲེལ་ཡོད་ཀྱི་ཡིག་ཆ་གཞན་མང་པོའང་བཏོན་ཡོད། (རྒྱ་ནག་གཞུང་གིས་བོད་དུ་བཙན་དབང་གི་ངལ་རྩོལ་ལག་བསྟར་བྱེད་པའི་གནས་ཚུལ་འདི་དག་ཁས་ལེན་བྱེད་ཀྱི་མེད།)

བོད་ཀྱིས་ཡུན་རིང་རྒྱ་ནག་གི་འགོ་ཁྲིད་ཚོར་དཀའ་ཁག་དམིགས་བསལ་ཞིག་སྟེར་གྱི་ཡོད་དེ། བོད་པེ་ཅིང་ནས་ཤིན་ཏུ་ཐག་རིང་བའི་ཁར། བོད་ཀྱི་ས་མཚམས་རིང་པོ་ཞིག་རྒྱ་གར་དང་འབྲེལ་ནས་ཡོད་སྟབས་བོད་ཤིན་ཏུ་གལ་འགངས་ཆེན་པོ་ཆགས་ཡོད། དེ་བཞིན་བོད་ཀྱི་རིག་གཞུང་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ཟད། བོད་མི་མང་པོ་ཞིག་གིས་ཆོས་སྲིད་གཉིས་ཀའི་སྐུ་དབང་མཚོན་མཁན་གྱི་༧ཏཱ་ལའི་བླ་མ་མཆོག་ལ་(དེའི་ཐོག་རྒྱ་གར་དུ་བཙན་བྱོལ་གཞུང་ཡང་ཡོད།)དད་མོས་བྱེད་ཀྱིན་པ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་མིག་ལམ་དུ་ཉེན་ཁ་ཉིས་ལོག་ཏུ་མཐོང་གི་ཡོད།

རྒྱ་ནག་གཞུང་གིས་“བོད་རང་སྐྱོང་ལྗོངས་”སུ་འབོད་པའི་ས་ཁུལ་གྱི་མི་མང་(མི་འབོར་ས་ཡ་ ༣.༥ ཙམ་ཡོད་ཅིང་། ཕལ་ཆེ་བ་གཞི་རྒྱ་ཆེ་བའི་ཧི་མ་ལ་ཡའི་མཐོ་སྒང་སྟེང་དུ་ཁ་ཐོར་ནས་འཚོ་བའི་འབྲོག་པ་དང་ཞིང་པ་ཡིན།)གིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཡོད་ལ། ལྷག་པར་དུ་ ༢༠༠༨ ལོར་པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་པར་བདུན་ཕྲག་འགའ་ཤས་ལས་མེད་པའི་སྐབས་རྒྱལ་ས་ལྷ་སར་ངོ་རྒོལ་བྱུང་བས། ཆོས་ལུགས་དང་རིག་གཞུང་གི་རང་དབང་ལ་སྔར་བས་ཀྱང་དམ་དྲག་ཆེ་བའི་ལོ་ཟླ་རྣམས་བྱུང་བ་རེད།

ཕྱི་ལོ་ ༢༠༡༡ ནས་བཟུང་རང་ལུས་མེ་སྲེག་གཏོང་མཁན་ ༡༥༠ ལྷག་བྱུང་ཡོད། (བོད་ལ་སྐོར་སྲུང་བྱེད་མཁན་གྱི་རྒྱ་དམག་ཚོས་གྱེན་ལོག་སྟངས་འཛིན་བྱེད་སྤྱད་ཀྱི་ལག་ཆའི་ཁྲོད་མེ་གསོད་ཡོ་ཆས་ཀྱང་འཁྱེར་གྱི་ཡོད།)

༧ཏཱ་ལའི་བླ་མ་མཆོག་དགུང་ལོ་ ༨༥ ལ་ཕེབས་ཡོད་པ་དང་། པེ་ཅིང་གི་འགོ་ཁྲིད་ཚོས་ཁོང་གི་ཡང་དབང་དུ་སྒྱུར་བའི་འབད་བརྩོན་བྱེད་ཀྱིན་ཡོད་དེ། དཔེར་ན། ཁོ་ཚོས་ནང་པའི་སྤྲུལ་སྐུ་རྣམས་ངེས་པར་དུ་རྒྱ་ནག་གི་ཁྲིམས་དང་མཐུན་དགོས་པའི་བཙན་བཀའ་གཏོང་གི་ཡོད། 

འདི་ནི་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ལ་པེ་ཅིང་ནས་བཙན་གྱིས་དྲག་གནོན་དང་སྟངས་བྱེད་པའི་ཐབས་ལམ་མང་པོའི་ཁྲོད་ནས་གཅིག་ཁོ་ན་ཡིན། 

ཤིང་ཅང་ལྟར། བོད་ཀྱང་མིང་གི་ཐོག་ནས་རང་སྲིད་རང་སྐྱོང་ཡིན་ཡང་། ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་བོད་ཀྱི་འབྲོག་པ་དང་། ཞིང་པ་ཚང་མ་དམག་གི་ངལ་རྩོལ་སྒྱུར་བཀོད་ཁང་དུ་ལག་ཤེས་སྦྱོང་བརྡར་བྱེད་དུ་འགྲོ་དགོས་པ་དང་། དེ་ནས་གཞུང་ནས་བཀོག་སྒྲིག་བྱས་པའི་ལས་ཀ་སྟེ་བཟོ་གྲྭའམ་ཞབས་ཞུའི་རྣམ་གྲངས་ནང་ཞུགས་དགོས་པའི་བཙན་བཀའ་བཏང་ཡོད།

ངས་ཞིབ་ཏུ་བལྟས་པའི་ཡིག་ཆ་འགའ་ཤས་(དེའི་ཁྲོད་བོད་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལས་ཁུངས་(Tibet’s Ethinic Affairs Commission)ནས་བཏོན་པ་གཅིག་ཀྱང་འདུས་ཡོད།)སུ།བོད་ཀྱི་ཆོས་ལུགས་ཀྱིས་“རྗེས་ལུས་ཀྱི་བསམ་བློ་”སྐྱེད་ཀྱི་ཡོད་ཚུལ་བརྗོད་འདུག་ལ། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་ནས་བོད་མི་ཚོའི་“གོ་སྒྲིག་ནུས་རྩལ་ཞན་པོ་”དེ་ཡར་རྒྱས་གཏོང་བའི་ཆེད་ཞིང་འབྲོག་ས་ཁུལ་ནས་ངལ་རྩོལ་སྒྱུར་བཀོད་བྱེད་མཁན་འཐོལ་པ་བཏང་བ་ཡིན་ཚུལ་བརྗོད་འདུག 

བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་ནས་བཏོན་པའི་སྲིད་བྱུས་ཡིག་ཆ་གཙོ་བོ་སྟེ། “༢༠༡༩-༢༠༢༠ལོའི་ཞིང་འབྲོག་པའི་སྦྱོང་བརྡར་དང་། ངལ་རྩོལ་བརྗེ་ལེན་གྱི་ལས་འཆར་”ནང་། དམག་དང་མཚུངས་པའི་ལག་ཤེས་སྦྱོང་བརྡར་དང་ལྷན་དུ་“བསམ་བློའི་སློབ་གསོ་”སྤེལ་བ་ཡིན་ན། བོད་མི་རྣམས་འདོད་མོས་ངང་རྒྱལ་ཁབ་ཀྱིས་བསྐུལ་བའི་དབུལ་ཕོངས་སེལ་བའི་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པ་ཆགས་ཀྱི་རེད་ཅེས་བརྗོད་འདུག

ལོ་འདི་ལ་མཚོན་ན། བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་ལས་འཆར་དེའི་ནང་། བོད་ཀྱི་ས་ཁུལ་རེ་རེ་ནས་བོད་མི་ངལ་རྩོལ་བའི་གྲངས་ཚད་ངེས་ཅན་ཞིག་རྒྱ་ནག་གི་ས་ཁུལ་གཞན་དུ་གཏོང་དགོས་པ་དང་། གྲངས་ཚད་ལོང་བ་ཞིག་བསྡུ་གཏོང་མ་ཐུབ་པའི་ས་གནས་འགོ་ཁྲོད་ཚོར་ཉེས་པ་འཕོག་གི་ཡོད། 

དེ་ཡིས་མ་ཚད། ལས་འཆར་གཙོ་བོའི་ནང་བོད་མི་ཚོར་སོ་སོའི་ས་ཆ་དང་། སྒོ་ཕྱུགས་རྣམས་རྒྱལ་ཁབ་ཀྱིས་གཉེར་བའི་ཚོང་ལས་ཁང་ཆེན་པོ་དག་གི་ནང་དུ་བཞག་སྟེ་མ་རྩ་མཉམ་འཛུགས་བྱེད་དགོས་པའི་སྐུལ་འདེད་ཀྱང་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་ ༧ པའི་ཟླ་སྨད་ལ་སྤེལ་བའི་གཞུང་འབྲེལ་གསར་འགྱུར་ཞིག་ཏུ་ལས་འཆར་དེ་ནི་བོད་མི་རྣམས་“ལྕག་ཚན་མར་གཡུགས་ནས་རྩྭ་ཐང་དང་བྲལ་ཏེ་ཁྲོམ་རར་ཞུགས་”པའི་ཆེད་དུ་སྤེལ་བ་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག 

ཉིན་གླ་གསོག་མཁན་གྱི་ངལ་རྩོལ་བར་འགྱུར་བ་དེས། བོད་མི་རྣམས་ལ་སྒོ་ཕྱུགས་འཚོ་སྐྱོང་དང་། ཞིང་ལས་རྨོ་འདེབས་མཚམས་འཇོག་བྱེད་དུ་འཇུག་པ་མ་ཟད། གནའ་བོའི་སྲོལ་རྒྱུན་དང་ཕ་ས་ཕ་ཡུལ་ལས་བྲལ་དུ་འཇུག་གི་ཡོད་པ་དང་། དེ་ནི་ཏག་ཏག་གནད་ལ་འཁེལ་བ་ཞིག་ཡིན། 

ལས་འཆར་འདིའི་ཁྱད་ཆོས་དང་དམིགས་ཡུལ་མང་པོ་ཞིག་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་ལས་འཆར་དང་ཧ་ལས་པའི་འདྲ་བོ་ཡོད་ལ། བོད་ཀྱི་རིག་གཞུང་དབྱེ་འབྱེད་དང་རྩ་མེད་བཟོ་བའི་ཆ་དེ་དག་ཀྱང་ཤིང་ཅང་དང་འདྲ་བོ་ཡོད་དེ། དཔེར་ན། པེ་ཅིང་གིས་ཉེ་བའི་ལོ་ཤས་ནང་བོད་ཡིག་སློབ་ཁྲིད་བྱེད་པ་ཉུང་དུ་གཏོང་བའི་འབད་བརྩོན་དེ་ལྡབ་ཀྱིས་ཤུགས་ཆེ་རུ་བཏང་ཡོད་པ་དང་། དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་ཀྱང་འདུས་ཡོད། 

ཕྱི་ལོ་ ༢༠༡༥ ཡི་ལོ་སྨད་ལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་འབྲོག་པའི་ས་ཁུལ་ནས་ཡོང་བའི་བཀྲ་ཤིས་དབང་ཕྱུག་གིས་ས་གནས་གཞུང་གིས་བོད་ཡིག་སློབ་ཁྲིད་བཀག་འགོག་བྱེད་བཞིན་པར་ཁྲིམས་ལ་གཏུག་པའི་འབད་བརྩོན་བྱས་ན་ཡང་། ཕྱི་ལོ་ ༢༠༡༨ ལོར་ཁོ་ལ་“རྒྱལ་ཁབ་ཁ་བྲལ་བཏང་”བའི་ནག་ཉེས་གཡོགས་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

ངས་ཡུལ་ཤུལ་དུ་དགེ་རྒན་གསར་བསྡུ་བྱེད་པའི་གཞུང་འབྲེལ་བརྡ་ཐོ་རྣམས་ལ་ཞིབ་འཇུག་བྱས་པ་ལས། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་དུ་བོད་ཡིག་གི་དགེ་རྒན་དང་། བོད་ཡིག་གིས་སློབ་ཁྲིད་བྱེད་པའི་སློབ་ཚན་འཁྲིད་མཁན་བརྒྱ་ཆ་ ༩༠ མར་ཆག་པ་དོ་སྣང་བྱུང་།

ཕྱི་ལོ་ ༢༠༡༠ ནས་ ༢༠༡༨ བར་དུ། མཚོ་སྔོན་གྱི་བོད་རིགས་ས་ཁུལ་གཞན་དག་ཏུ་བོད་ཡིག་སློབ་ཁྲིད་བྱེད་མཁན་གསར་བསྡུ་བྱས་པའི་གྲངས་ཀ་དེ་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་དང་གཅིག་པ་བྱུང་ཡོད། ཡིན་ན་ཡང་།ཕྱི་ལོ་ ༢༠༡༩ དང་འདི་ལོའི་ད་ལྟ་བར་དུ་རྒྱ་ཡིག་དགེ་རྒན་གསར་བསྡུ་བྱེད་པའི་བརྡ་ཐོ་དེ་བོད་ཡིག་དགེ་རྒན་ལས་ལྡབ་གསུམ་གྱིས་མང་བ་བྱུང་ཡོད། རྒྱ་ནག་གི་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་གཞན་དུའང་དེ་དང་གཅིག་མཚུངས་བྱུང་ཡོད་དེ། དཔེར་ན་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ལྟ་བུ་རེད། 

བོད་བརྒྱུད་ནང་བསྟན་ཡང་ཉེན་ཁའི་འོག་ལྷུངས་ཡོད་དེ། ཕྱི་ལོ་ ༢༠༡༩ ལོའི་དཔྱིད་ཀར་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་དཔོན་(the mayor of Lhasa)གྱིས་སྔ་ལོར་“ཆོས་ལུགས་ཀྱི་བྱེད་སྒོ་གཙོ་བོ་རྣམས་འཚོགས་པའི་ཉིན་གྲངས་དང་། བྱེད་སྒོ་དེ་དག་ལ་མཉམ་ཞུགས་བྱེད་མཁན་གྱི་མི་གྲངས་གཉིས་ཀའི་བརྒྱ་ཆ་ ༩༠ ལྷག་ཉུང་དུ་བཏང་ཡོད་”ཅེས་བཤད་ཡོད་ལ། ན་ནིང་སྟོན་ཁར་པེ་ཅིང་གཞུང་གིས་བགྲེས་ཡོལ་ཞུས་པའི་ལས་བྱེད་རྣམས་གནས་ཆེན་ཁག་ཏུ་སྐོར་བ་ལ་འགྲོ་མི་ཆོག་པ་བཟོ་བའི་འགོ་བརྩམས་ཡོད། 

ཆབ་མདོ་ས་གནས་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་ནང་པའི་ལྷ་ཁང་གཙོ་བོ་ཁག་ཏུ་བརྙན་མིག་མ་ལག་(video surveillance systems)བསྒར་རྒྱུའི་འཆར་གཞི་ཕྱིར་བསྒྲགས་བྱས་པའི་རྗེས། རྒྱ་སྒོར་ས་ཡ་ ༢༧༥(ཨ་སྒོར་ས་ཡ་༤༠)བཏང་ནས་གློག་ཀླད་ཀྱི་མ་ལག་བཙུགས་ཡོད་པ་དང་། དེས་དྲ་རྒྱའི་ལྟ་སྲུང་དང་སྟངས་འཛིན་ཆ་ཚང་བ་ཞིག་བྱེད་ཀྱི་ཡོད། 

ཐབས་བྱུས་འདི་ལ་རྩ་བ་རྙིང་པ་ཡོད་དེ། སྔོན་ཆད་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་མཁས་དབང་ཧྥ་ཤོ་ཋོན་(Fei Xiaotong)ཡིས་“མཉམ་བསྲེ་དང་མཉམ་འདྲེས་”ཀྱི་བརྒྱུད་རིམ་རིང་པོ་ལ་བརྟེན་ནས་ཧན་གྲངས་མང་མི་རིགས་དང་། གྲངས་ཉུང་མི་རིགས་གཞན་རྣམས་མཇུག་མཐར་ངོ་བོ་གཅིག་ཏུ་གྱུར་ནས་རྒྱ་ནག་རྒྱལ་ཁབ་ཀྱི་མི་རིགས་(Chines nation-race)ཞེས་པ་ཡོང་ངེས་ཚུལ་་བྲིས་ཡོད། ཧྥ་ཤོ་ཋོན་གྱི་ལྟ་ཚུལ་ལ། མཉམ་འདྲེས་བྱེད་ཡུལ་གྱི་ལྟེ་བ་ནི་རྒྱ་རིགས་ཡིན། རྒྱུ་མཚན་ནི་རྒྱ་ནག་གི་རིག་གཞུང་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། དེའི་ནང་རྗེས་ལུས་གྲངས་ཉུང་མི་རིགས་རྣམས་འཐིམ་རྒྱུ་ནི་ལྡོག་ཐབས་བྲལ་ཞིག་ཏུ་མཐོང་ཡོད། 

རྒྱ་ནག་གཞུང་གིས་ཧྥ་ཤོ་ཋོན་གྱི་ཕུགས་བསམ་(Vision)དེ་བཟུང་སྟེ། དུས་ཡུན་གང་འཚམ་ཞིག་གི་རིང་ལ་རྒྱལ་ཁབ་ཀྱི་མགོ་ནས་མར་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕུགས་བསམ་དེ་མངོན་དུ་སྒྱུར་ཐབས་བྱས་ཡོད།

ཕྱི་ལོ་ ༢༠༠༠ ལོར་སྲིད་འཛིན་ཅང་ཙི་མིན་གྱིས་ནུབ་ཕྱོགས་འཕེལ་རྒྱས་གཏོང་བའི་ལས་འགུལ་ཆེན་མོ་(the Great Western Development Campaign)བརྩམས་ཏེ། རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་དུ་འཛུགས་སྐྲུན་དང་རྒྱ་མི་གྲངས་ལས་འདས་པ་ཞིག་དྲངས་ཡོད། ས་གནས་ཀྱི་གྲངས་ཉུང་མི་རིགས་རྣམས་ལ་རིག་གཞུང་དང་སྐད་ཡིག་གི་ཐོག་ནས་མཉམ་དུ་འདྲེ་འདོད་ཡོད་ན། དཔལ་འབྱོར་འཛུགས་སྐྲུན་དང་ལས་ཀའི་གོ་སྐབས་གསར་པ་ལས་ཁེ་ཕན་འཐོབ་ཀྱི་ཡོད། 

སྐབས་དེར་མང་པོ་ཞིག་གིས་ཕྱིར་འཐབ་རྒོལ་བྱས་ཤིང་། ས་གནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ། བོད་པ་དང་གྲངས་ཉུང་མི་རིགས་གཞན་རྣམས་ཀྱིས་སོ་སོའི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་དག་ལ་འདུས་ཏེ་སོ་སོའི་ཐུན་མིན་གྱི་ཆོས་ལུགས་གསོན་པོར་ཉར་ཡོད། 

སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༩ ལོའི་སྟོང་ཁར་སྤེལ་བའི་གཏམ་བཤད་ནང་། ཧྥ་ཤོ་ཋོན་གྱི་གྲངས་ཉུང་མི་རིགས་རྩ་མེད་བཟོ་བའི་ཕུགས་བསམ་དེ་བསྐྱར་དུ་ནན་བརྗོད་བྱས་ཡོད། ཡིན་ན་ཡང་། དེ་མངོན་སྒྱུར་བྱེད་པའི་ཐབས་ལམ་ལ་འགྱུར་བ་ཐེབས་ཡོད། 

དཔལ་འབྱོར་གྱི་བསླུ་བྲིད་(སྐུལ་སློང་)ལ་བརྟེན་ནས་རང་བཞིན་དང་འདོད་མོས་ངང་གཅིག་ཏུ་འདྲེས་པར་བྱེད་པའི་ཐབས་ལམ་དེ་བཞག་ནས། ད་ནི་སྤྱི་ཚོགས་ལ་སྟངས་འཛིན་དྲག་པོ་བྱེད་པ་དང་། མི་སྒེར་རེ་རེའི་ཞིབ་ཕྲའི་གནས་ཚུལ་ཉར་བ། ཚད་གཞི་མཐོ་བའི་གློག་མིག་གི་ལྟ་སྲུང་མ་ལག་བཀོལ་བ་སོགས་ལ་བརྟེན་ནས་གཞུང་གིས་བོད་དང་ཤིང་ཅང་གིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་བཙན་གྱིས་གཅིག་ཏུ་འདྲེ་རུ་འཇུག་གི་ཡོད། 

དེང་སྐབས་སྐུ་ཞབས་ཞི་ཅིན་ཕིང་གི་ལས་གཞི་གཙོ་བོ་སྟེ། དངུལ་ཕོངས་སེལ་བའི་ལས་འཆར་ཞེས་པ་དེ་ནི། གྲངས་ཉུང་མི་རིགས་དག་གི་འཚོ་རྟེན་ཙམ་མ་ཟད། ཁོ་ཚོའི་འཚོ་བའི་ལམ་ལུགས་ཧྲིལ་པོ་ཏེ་སྐད་ཡིག་དང་།ཆོས་ལུགས། རིག་གཞུང་། ཁྱིམ་ཚང་བཅས་པ་ཡོངས་སུ་རྩ་མེད་བཟོ་བཞིན་པ་དེ་འགེབས་བྱེད་ཅིག་ཆགས་ཡོད།

བོད་དང་ཤིང་ཅང་གཉིས་ཀར་གཞུང་གི་ལས་བྱེད་རྣམས་ཁྱུ་སྒྲིག་གིས་ཁྱིམ་ཚང་ནང་དུ་གཏོང་་བ་དང་། ཁོ་ཚོ་གཉིས་རེ་དང་གཉིས་རེ་ཁྱིམ་ཚང་གཅིག་ཏུ་བཀོད་སྒྲིག་བྱས་རྗེས། ཁྱིམ་ཚང་དེའི་ནང་མི་དང་ལྷན་དུ་ལས་ཀ་བྱེད་པ་དང་། ཟས་མ་ཟ་བ། གཉིད་ཉལ་བ་སོགས་བྱེད་ཀྱི་ཡོད། 

བོད་མི་རེ་རེ་ལ་ཁྱིམ་གྱི་ཡོང་བབ་དང་ལས་གནས་སྟོན་པའི་ཡིག་ཆ་ཞིབ་ཕྲ་རེ་ཡོད་པའི་ཐོག ཁོ་ཚོའི་གནས་སྟངས་ལ་འཚམ་པའི་རྒྱལ་ཁབ་ཀྱི་ལམ་སྟོན་རེ་རེ་ཡོད། ནང་མི་དང་ཕ་ཡུལ་ནས་རྒྱང་རིང་གི་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཏང་བའི་བོད་མི་རྣམས་སྟངས་འཛིན་བྱེད་སླ་བ་ཡོད་ལ། ཁོ་ཚོས་ཤུལ་དུ་བཞག་པའི་བྱིས་པ་རྣམས་གཏན་སློབ་(Boarding School)ནང་འཚར་ལོངས་འབྱུང་གི་ཡོད། 

སྲིད་བྱུས་འདི་དག་གི་དགོས་པ་དང་དམིགས་ཡུལ་གསལ་པོ་ཡིན་པ་ལྟར། དམིགས་འབེན་དུ་གྱུར་བའི་གྲངས་ཉུང་མི་རིགས་ཚོས་ཀྱང་ཕྱིར་རྒོལ་བའི་འབད་བརྩོན་བྱེད་ཀྱིན་ཡོད། ཉེ་ཆར་རྒྱ་ནག་དབུས་གཞུང་ནས་ནང་སོག་ཏུ་སོག་ཡིག་གི་ཚབ་ཏུ་རྒྱ་ཡིག་བཀོལ་བའི་སྲིད་བྱུས་ལག་ཏུ་བསྟར་བའི་འབད་བརྩོན་བྱས་པ་དེས་ངོ་རྒོལ་ཆེན་པོ་ཞིག་བསླངས་ཡོད། 

ཧྥ་ཤོ་ཋོན་གྱི་ཕུགས་བསམ་ནང་། གྲངས་ཉུང་མི་རིགས་རྣམས་རྒྱའི་ནང་དུ་འཐིམ་པ་དེ་རང་བཞིན་དང་རིམ་གྱིས་ཡོང་དུ་འཇུག་འདོད་ཡོད་ཀྱང་། དེ་ལྟར་བྱུང་མེད་ལ། སྐུ་ཞབས་ཞི་ཅིན་ཕིང་གི་ཕུགས་བསམ་ནང་།རྒྱལ་ཁབ་ཀྱིས་ངེས་པར་དུ་གྲངས་ཉུང་མི་རིགས་རྣམས་བཙན་གྱིས་རྒྱའི་ནང་འཐིམ་དུ་འཇུག་འདོད་ཡོད་ཀྱང་། དེ་ཡང་ཡོང་མི་སྲིད།།