རྒྱལ་ཁབ་ཆུང་ཆུང་གཞན་ཞིག་ཐའེ་ཝན་གྱི་རྒྱབ་ཏུ་ལངས་འདུག 

ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་སེམས་འཚབ་བྱེད་གཞི་ཞིག་ནི། རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་རྒྱ་བསྐྱེད་བྱེད་ཀྱི་ཡོད་པ་དེ་ཡིན་པ་དང་། དེ་དང་མཉམ་དུ་ཁུལ་དེའི་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཀྱང་རྒྱ་ནག་དང་ལག་པ་བཏང་ནས་ཐའེ་ཝན་དང་འབྲེལ་ལམ་གཅོད་ཀྱི་ཡོད་ནའང་། ཐེངས་འདིར་རྒྱལ་ཁབ་ཆུང་ཆུང་ཞིག་གིས་ཐའེ་ཝན་དང་འབྲེལ་ལམ་མུ་མཐུད་ཉར་རྒྱུ་དང་། རྒྱ་ནག་གི་རོགས་རམ་དང་ལེན་བྱས་མེད་འདུག 

ཟླ་༡༡ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཆུང་ཆུང་ཀྲུ་ཝ་ལུ་ཞེས་པ་དེའི་གཞུང་ལ་རྒྱ་མཚོའི་མཐོ་ཚད་འཕར་བཞིན་པར་གདོང་ལེན་བྱེད་ཆེད་དུ། རང་བྱུང་མིན་པའི་གླིང་ཕྲན་བཟོ་རྒྱུའི་འཆར་གཞི་ཡོད་འདུག་པ་དང་། རྒྱ་ནག་གི་ཚོང་ལས་ཁང་ཞིག་གིས་རྒྱལ་ཁབ་དེར། ཨ་སྒོར་ས་ཡ་༤༠༠ ཡི་ལས་འཆར་ལ་རོགས་རམ་བྱེད་རྒྱུ་འདོད་པ་ཡོད་ཚུལ་བརྗོད་འདུག་ཀྱང་། ཚོང་ལས་ཁང་དེར་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པར་ངོས་འཛིན་གྱིས་རོགས་རམ་དེ་དང་ལེན་བྱས་མེད་འདུག 

རྒྱལ་ཁབ་དེའི་ཕྱི་སྲིད་བློན་ཆེན་གྱིས། རྒྱ་ནག་གི་ཚོང་ལས་ཁང་དེའི་རོགས་རམ་བྱེད་ཐབས་བྱས་པ་དེ་ནི། རྒྱལ་ཁབ་དེའི་ནང་ཐའེ་ཝན་གྱི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས་ཡིན་པ་མཐོང་གི་ཡོད་པས། ཁོང་ཚོའི་རྒྱལ་ཁབ་ཀྱིས་ཐའེ་ཝན་ལ་ཡོད་པའི་རྒྱབ་སྐྱོར་དེ་བསྐྱར་དུ་ནན་བརྗོད་བྱས་ཡོད། དེ་བཞིན་ཞི་བདེའི་རྒྱལ་མཚོའི་མངའ་ཁུལ་དུ་ཡོད་པའི་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ལྷག་མ་བཞིའི་བར་དུ་ལྷན་ཚོགས་ཤིག་བཙུགས་ནས་མཉམ་ལས་བྱེད་རྒྱུའི་ལས་དོན་འགྲོ་བཞིན་ཡོད་པ་དང་། ཁོ་ཚོ་ཚང་མས་མཉམ་དུ་རྒྱ་ནག་གི་ཤུགས་རྐྱེན་ལ་ཕར་རྒོལ་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག 

ཁོང་གིས་རྒྱ་ནག་གི་བུ་ལོན་གཡར་བའི་སྲིད་བྱུས་སྐོར་གནས་ཚུལ་མང་པོ་གོ་ཡི་ཡོད་པ་དང་། ཁུལ་དེའི་གླིང་ཕྲན་ཉོས་ནས་དམག་སྒར་འཛུགས་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པས། གནས་ཚུལ་དེ་ཚོའི་ཐོག་སེམས་འཚབ་ཡོད་སྐོར་བརྗོད་འདུག 

ཟླ་༩ པའི་ནང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སོ་ལོ་མཱོན་གླིང་ཕྲན་(Solomon Islands) རྒྱལ་ཁབ་ཀྱིས། ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་འཛུགས་རྒྱུ་ཐག་གཅོད་བྱས་འདུག་པ་དང་། དེ་ཡང་རྒྱ་ནག་གིས་ཐེའ་ཝན་དང་འབྲེལ་ལམ་བཅད་ཚེ། རྒྱལ་ཁབ་དེའི་ནང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འགྲོ་སོང་ཆེན་པོ་གཏོང་རྒྱུ་ཁས་ལེན་བྱས་ཡོད་འདུག  ཉིན་བཞི་ཡི་རྗེས་སུ་ཁུལ་དེའི་རྒྱལ་ཁབ་ཆུང་ཆུང་ཀི་རི་བྷ་ཊི་ཡང་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པས། བདུན་ཕྲག་གཅིག་ནང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པ་རེད། འོན་ཀྱང་ཁུལ་དེའི་རྒྱལ་ཁབ་ཆུང་ཆུང་མཱར་ཤལ་གླིང་ཕྲན་རྒྱལ་ཁབ་(Marshall Islands) ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། བདུན་ཕྲག་སྔོན་མར་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་འདས་པའི་ལོ་ངོ་༢༠ ཡི་ནང་ཐའེ་ཝན་གྱིས་རྒྱལ་ཁབ་དེར་རྒྱབ་སྐྱོར་བྱས་པར། ཐའེ་ཝན་གཞུང་དང་མི་མང་ལ་བརྩི་མཐོང་ཞུ་རྒྱུའི་གྲོས་ཆོད་བཞག་ཡོད་པ་དང་། ཐའེ་ཝན་གྱིས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་གཡོ་བ་མེད་པ་ཡོད་པས། རྒྱལ་ཁབ་དེས་ཐའེ་ཝན་དང་མུ་མཐུད་ནས་འབྲེལ་ལམ་ཉར་རྒྱུ་ཡིན་སྐོར་བརྗོད་འདུག། དེ་བཞིན་རྒྱལ་ཁབ་དེའི་སྲིད་འཛིན་ལྕམ་ཧིལ་ཌ་ཡིས་རྒྱ་ནག་གིས་དབང་ཤུགས་དང་མངའ་ཁོངས་རྒྱ་བསྐྱེད་ཀྱི་ཐབས་ལམ་དེ་ནི། མང་གཙོའི་རྒྱལ་ཁབ་ཚང་མས་སེམས་ཁྲལ་བྱེད་ངེས་པ་ཞིག་ཡིན་སྐོར་བརྗོད་ནས། ཐའེ་ཝན་ལ་མུ་མཐུད་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་ཡོད་པ་རེད། ཐེངས་འདིར་ཡང་རྒྱལ་ཁབ་ཆུང་ཆུང་གཞན་ཞིག་གིས་ཐའེ་ཝན་ལ་རྒྱབ་སྐྱོར་མུ་མཐུད་ཡོད་པར་བསྒྲགས་འདུག 

ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཐའེ་ཝན་རྒྱལ་ཁབ་གཅིག་ལ་ངོས་འཛིན་གྱིས་གཞུང་ཐོག་ནས་འབྲེལ་ལམ་ཉར་མཁན་རྒྱལ་ཁབ་༡༥ ལས་མེད་འདུག ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་གྱི་སྲིད་འཛིན་དུ་རང་བཙན་ལངས་ཕྱོགས་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལྕམ་ཚེ་དབྱིང་ཝན་འདེམས་ཐོན་བྱུང་རྗེས། རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་དང་གནོན་ཤུགས་འོག ད་བར་རྒྱལ་ཁབ་༧ གྱིས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།