རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུ་ཕུང་ཞུགས་འབུལ་དང་མྱ་ངན་མཛད་སྒོ།
ཟླ་༧ པའི་ཚེས་༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ པ་ཡོལ་ཙམ་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་མེག་གྷན་ལྷ་རྒྱལ་རིར་རང་སྲེག་རྒྱ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་སུ་མྱ་ངན་དང་ཁོང་གི་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོ་ཞིག་འཚོགས་སོང་། དེ་གར་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ནང་མིས་གཙོས་པའི། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པ། བཀའ་ཤག་གི་བཀའ་བློན་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་བཅས་ཀྱིས་མཉམ་ཞུགས་བྱས་སོང་།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་ཀྱིས། ཐོག་མར་བོད་དོན་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚང་མར་གུས་འདུད་ཞུས་རྗེས། ཁོང་གིས་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱིས་རང་ལུས་མེར་སྲེག་གནང་ནས་གྲོངས་པའི་བར་གྱི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་རྗེས། བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ལོ་རྒྱུས་སྐོར་གསུང་དོན། ཁོང་ཕྱི་ལོ་༡༩༩༨ ལོའི་ཟླ་༢ པའི་ཚེས་༡༢ ཉིན་ཕ་ངག་དབང་མཁས་གྲུབ་དང་། མ་བཀྲ་ཤིས་གཡང་འཛོམས་གཉིས་ཀྱི་སྲས་སུ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཀོ་ལེ་གྷལ་དོན་ལྡན་གླིང་དུ་འཁྲུངས་པ་དང་། ནང་གི་བུ་ཕྲུག་བཞི་ལས་ཆུང་ཤོས་དེ་ཡིན་པ། ས་གནས་དེ་གའི་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་ཝཱ་རཱ་ཎ་སཱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཞུགས་བྱས་ཡོད་པ་དང་། ལོ་གཞོན་ཡིན་པའི་ཐོག་རྒྱུན་དུ་ནས་ཤེས་སྤྱོད་བཟང་པོ་དང་སྤྱི་པའི་ལས་ཀར་མཉམ་ཞུགས་བྱེད་པའི་བསམ་བློ་ཡོད་མཁན། ལྷག་པར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ལས་ཀ་བྱེད་དགོས་བསམ་མཁན་ཞིག་ཡིན་པ། དེ་ཡང་ཁོང་གིས་ཝར་ཎ་མཐོ་སློབ་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས་ནས། ཆོས་དང་ཆབ་སྲིད་ཀྱི་ལས་འགུལ་མང་པོ་ཞིག་ལ་མཉམ་ཞུགས་གནང་བ་མ་ཟད། ཕྱི་ལོ་༢༠༡༧ ལོའི་དུས་འཁོར་དབང་ཆེན་སྐབས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་ཁག་གི་ཁོངས་ནས་མེ་འཁོར་འབབ་ཚུགས་སུ་ཞབས་ཞུ་སྒྲུབ་མཁན་སྡེ་ཚན་ནང་ཡོད་པ་དང་། སྐབས་དེར་ཉིན་གཅིག་ལ་ཆུ་ཚོད་གཉིས་གསུམ་མ་གཏོགས་ཉིན་མཚན་བསྟུད་མར་མི་མང་ལ་ཞབས་ཞུ་བསྒྲུབས་ཡོད་པ། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱངས་བརྩོན་བྱེད་མཁན་དང་རོགས་པ་ཚོར་ཡང་བསམ་བློ་དེ་སྤེལ་མཁན་ཞིག་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་སོང་། དེ་རྗེས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རྒྱུན་དུ་ནས་བོད་དོན་གྱི་རྩོམ་ཡིག་མང་པོ་འབྲི་ཡི་ཡོད་སྐོར་གསུངས་ནས་ཁོང་གི་ཚིགས་བཅད་མི་འདྲ་བ་གཉིས་སྐྱོར་སོང་།
“བོད་པའི་རིག་གཞུང་དེ་བོད་པས་མ་བཟུང་ན་སུ་ཡིས་བཟུང་།
བོད་པའི་བོད་སྐད་དེ་བོད་པས་མ་བཟུང་ན་སུ་ཡིས་བཟུང་།
བོད་པས་ནང་ཁུལ་ལ་མཐུན་སྒྲིལ་མ་བྱེད་ན་སུ་ཡིས་བྱེད།
མཐུན་སྒྲིལ་བྱས་ན་གཞན་གྱིས་གནོད་པ་བྱས་ཀྱང་མི་གནོད།”
“ང་ཚོས་ཉིན་ལྟར་བརྡ་སྤྲོད་སྦྱོང་།
ཀ་ནས་ཨ་བར་བེད་སྤྱོད་བྱེད།
ཐོན་མིས་དཀའ་ལས་བརྒྱབ་པ་དེ།
ང་ཚོས་མ་སྦྱངས་ན་སུ་ཡིས་སྦྱངས།”ཞེས་སྐྱོར་གནང་སོང་།

མཐའ་མ་དེར་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་ཐག་ཆོད་པའི་ཐོག་ནས་བཀའ་མོལ་གནང་བའི་དུས་ལ་སླེབས་ཡོད་པས་དགོངས་པ་བཞེས་དགོས་པ་དང་། མཉམ་སྦྲེལ་རྒྱལ་ཁབ་ཀྱིས་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པའི་ལས་ཀ་བྱེད་པའི་རེ་སྐུལ་དང་། བོད་མི་ཚོས་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱི་ཞལ་ཆེམས་སེམས་ལ་བཞག་ནས་ལས་དོན་བྱེད་པའི་རེ་སྐུལ་གནང་སོང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་དོན། རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུལ་སློང་དང་བློས་གཏོང་ལ་རྗེས་སུ་ཡི་རངས་དང་། ཁོང་གི་ཕ་མ་གཉིས་གཙོས་པའི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ། དེ་བཞིན་ལོ་རྒྱུས་ནང་མི་རིགས་ཀྱི་འཐབ་རྩོད་མང་ཆེ་བ་མཐའ་མར་རྒྱལ་ཁ་ཐོབ་ཀྱི་ཡོད་པ་དང་། འཐབ་རྩོད་ཀྱི་ནུས་པ་གོང་འཕེལ་ཆེད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཉར་ཚགས་དགོས་པ། དེ་བཞིན་ཐབས་བྱུས་ལྡན་པའི་ཐོག་ནས་འཐབ་རྩོད་བྱེད་དགོས་པ། བསྟན་འཛིན་ཆོས་དབྱིངས་ཀྱི་ཞལ་ཆེམས་ལྟར་ཉིན་རེའི་འཚོ་བའི་ནང་ལས་དོན་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གསུངས་སོང་།
མཐའ་མ་དེར་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཕ་ངག་དབང་མཁས་གྲུབ་ཀྱིས། དེ་རིང་ཁོང་མི་སྒེར་ལ་ཆ་བཞག་ན་སྡུག་བསྔལ་གྱི་དུས་ཚོད་གཅིག་ཡིན་པ་ལས། སྤོབས་པའི་ངང་སྐད་ཆ་བཤད་པའི་ནུས་པ་ཡང་མེད་དེ། ཁོང་གི་བུས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བས། དེ་རིང་སྐད་ཆ་བཤད་པའི་གོ་སྐབས་དང་སྤོབས་པ་བྱུང་བར་དྲན་གྱི་ཡོད་པ། བསྟན་འཛིན་ཆོས་དབྱིངས་ལགས་ནི་ཆུང་དུས་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱེད་དགོས་པ་དྲན་མཁན་ཞིག་ཡིན་པ། དེ་བཞིན་ཁོང་འགྱོད་པ་ཆེ་ཤོས་ནི་ཟླ་༧ པའི་ཚེས་༡༤ ཉིན་ བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་སྲེག་རྒྱ་རྒོལ་མ་གནང་བའི་སྔོན་ཏེ། ཟླ་༧ པའི་ཚེས་༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༨ པ་ཙམ་ལ་ཁོང་ལ་བརྙན་འཕྲིན་གྱི་ཁ་པར་ཐེངས་དྲུག་ཙམ་བརྒྱབ་འདུག་ཀྱང་། དེ་ལ་ལན་བརྒྱབ་རྒྱུ་མ་བྱུང་བར་འགྱོད་པ་ཆེན་པོ་ཡོད་སྐོར། དེ་བཞིན་བོད་པའི་གཞོན་སྐྱེས་ཚོས་ཤེས་ཡོན་གྱི་ཐོག་བོད་དོན་འཐབ་རྩོད་བྱེད་པའི་སྐུལ་མ་གནང་རྗེས། རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་སོང་།
མྱ་ངན་གྱི་མཛད་སྒོ་མཇུག་བསྒྲིལ་རྗེས་མི་མང་གིས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་སྐུ་ཕུང་ལ་མཇལ་དར་བསྒྲོན་རྗེས། སྐུ་ཕུང་མེག་གྷན་གྱི་དུར་ཁྲོད་དུ་གདན་འདྲེན་ཞུས་ཏེ་ཞུགས་འབུལ་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།