རྒྱལ་ཚོགས་ནང་རྒྱ་དཀར་ནག་བར་བོད་ཀྱི་གསོ་བ་རིག་པའི་བདག་དབང་རྩོད་ལེན་བྱེད་བཞིན་འདུག
ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་གསོ་རིག་ལྟེ་གནས་ཁང་གི་འགན་འཛིན་པདྨ་ཤྲཱི་འབུམ་རམས་པ་པདྨ་འགྱུར་མེད་ཅེས་པ་དེ་ཡིས་ཕྱི་ལོ་༢༠༡༩ ལོར་རྒྱ་གར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ནས་གསོ་བ་རིག་པ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་པ་དེ་ནོར་འཁྲུལ་ཡིན་པ་དང་། གསོ་བ་རིག་པའི་རྒྱུད་བཞི་དེ་དུས་རབས་༨ ནང་རྒྱ་གར་ནས་བོད་ལ་བསྣམས་པ་ཡིན་པས། དེ་ནི་རྒྱ་གར་གྱི་རིག་གནས་ཞིག་ཡིན་པའི་སྐོར་རྒྱལ་ཚོགས་སྙན་ཞུ་ཕུལ་ཡོད་ཅེས་བརྗོད་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༤ ཉིན་རྒྱ་གར་གྱི་གསར་ཁང་WION ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན། འབུམ་རམས་པ་པདྨ་འགྱུར་མེད་ཅེས་པར་གསོ་རིག་བདག་དབང་ཐད་བཅར་འདྲི་ཞིག་བྱས་འདུག
བཅར་འདྲི་དེའི་ནང་ཕྱི་ལོ་༢༠༡༩ ནང་རྒྱ་གར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གར་གྱི་ལོ་ངོ་༢༠༠༠ ལྷག་གི་ལོ་རྒྱུས་ཡོད་པའི་གསོ་བ་རིག་པ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་པ་དེ་ལ་འདས་པའི་ངོ་ལོ་༣༠ ལྷག་གི་རིང་བདག་དབང་རྩོད་ལེན་ཐད་ཤུགས་སྣོན་རྒྱག་མཁན་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་གསོ་རིག་ལྟེ་གནས་ཁང་གི་འགན་འཛིན་པདྨ་ཤྲཱི་འབུམ་རམས་པ་པདྨ་འགྱུར་མེད་ཅེས་པ་དེ་ཡིས་དེ་ནི་ཚབས་ཆེན་ནོར་འཁྲུལ་ཡིན་པ་བརྗོད་ཡོད་ཚུལ་བཀོད་འདུག དེར་བརྟེན་རྒྱ་གར་གཞུང་གིས་ལན་འདེབས་ཀྱི་ཚུལ་དུ་གསོ་བ་རིག་པ་དེ་རྒྱ་གར་གྱི་དངོས་མེད་རིག་གནས་ཤུལ་བཞག་(Intangible Cultural Heritage) ཡིན་པའི་ངོས་འཛིན་ཡོང་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གནས་ལྷན་ཚོགས་(UNESCO)ལ་སྙན་ཞུ་ཕུལ་ཡོད་པ་བརྗོད་འདུག
སྙན་ཞུའི་ཡིག་ཆ་དེ་དག་ཕྱོགས་སྒྲིག་དང་སྤྲོད་མཁན་ནི་གླེ་རུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་གསོ་རིག་ལྟེ་གནས་ཁང་(the National Institute of Sowa-Rigpa)གི་འགན་འཛིན་པདྨ་ཤྲཱི་འབུམ་རམས་པ་པདྨ་འགྱུར་མེད་ཅེས་པ་དེ་ཡིན་པ་དང་། མི་དེ་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་རྒྱ་གར་གཞུང་གིས་རང་གི་གནའ་བོའི་གསོ་རིག་དེ་ལ་ངོས་འཛིན་ཡོང་ཐབས་སུ་འབད་བརྩོན་གནང་མཁན་ཞིག་ཡིན་དང་། རྒྱལ་སྤྱིའི་ཐོག་ཏུ་བདག་དབང་འཕྲོག་ཏུ་འཇུག་མཁན་ཞིག་ཀྱང་མིན་ཞེས་བརྗོད་འདུག
ཁོས་WION གསར་ཁང་ལ་དམིགས་བསལ་བཅར་འདྲི་ཞིག་གི་སྐབས་སུ། ཁོས་རྒྱ་གར་ལ་གསོ་རིག་དེ་རང་གི་ཤུལ་བཞག་ཏུ་བརྩི་བའི་ཐོབ་ཐང་ཡོད། ངས་བལྟས་ན་མ་འོངས་པར་རྒྱ་གར་གྱིས་དེའི་ཐོག་མུ་མཐུད་ཤུགས་རྒྱག་རྒྱུ་རེད་ཅེས་བརྗོད་ཡོད་འདུག རིག་གནས་དང་། ཚོང་ལས། ཚན་རིག་བཅས་ཀྱི་སྒོ་ནས་གསོ་བ་རིག་པའི་གནས་བབས་སྲུང་སྐྱོབ་བྱེད་པ་ནི་འབུམ་རམས་པ་པདྨ་འགྱུར་མེད་ཀྱི་དམིགས་ཡུལ་གཙོ་བོ་དེ་ཡིན་པ་གསར་ཁང་གིས་བརྗོད་འདུག
བདག་དབང་གི་འཐབ་རྩོད།
པདྨ་ཤྲཱི་འབུམ་རམས་པ་པདྨ་འགྱུར་མེད་ཀྱིས་བརྗོད་པ་ལྟར་ན། གསོ་བ་རིག་པའི་ལོ་རྒྱུས་དང་གཞུང་ལུགས་ཀྱི་རྒྱབ་ལྗོངས་ནི་ཧ་ཅང་གསལ་པོ་ཡིན། གསོ་བ་རིག་པའི་རྩ་བའི་གཞུང་རྒྱུད་བཞི་ལྟར་ན། གསོ་རིག་དེ་ཉིད་ཐོག་མར་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་གར་རྡོ་རྗེ་གདན་དུ་གསུངས་པ་དང་། སྔ་མོའི་མཁས་པ་ཆེན་པོ་
(Jivaka)འཚོ་བྱེད་གཞོན་ནུ་དང་། (Nagarjuna)འཕགས་པ་ཀླུ་སྒྲུབ། (Vagbhata)སློབ་དཔོན་དཔའ་བོ། (Chandrananda)ཙནྡྲ་ནནྡ་སོགས་ནི་རྒྱ་གར་གྱི་མཁས་པ་ཤ་སྟག་ཡིན། དུས་རབས་༨ པའི་ནང་རྒྱ་གར་གྱི་མཁས་པ་ཚོས་རྩ་བའི་གཞུང་དེ་དག་ཧི་མ་ལ་ཡ་བརྒལ་ཏེ་བོད་དུ་བསྣམས་ཤིང་། དེར་བོད་ཀྱི་ཡུལ་སྲོལ་དང་གདོད་མའི་སྨན་དཔྱད་ལག་ལེན། རྒྱ་ནག་གི་གསོ་རིག་གི་ཆ་ཤས་འགའ་རེ་བཅས་དང་ཟུང་འབྲེལ་གྱིས་གོང་འཕེལ་དུ་སོང་བའི་རྗེས་སུ། སླར་ཡང་རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་དར་ཁྱབ་བྱུང་བ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག
ད་དུང་ཁོས་གསོ་རིག་འདི་བོད་དུ་ཇི་ལྟར་དར་བའི་ལོ་རྒྱུས་ནི་བོད་ཡིག་གི་ལམ་ནས་གསལ་པོར་བཀོད་ཡོད། ཙནྡྲ་ནནྡ་དང་མཁས་པ་གཞན་ཞིག་གིས་རྩ་བའི་གཞུང་ལ་སློབ་གཉེར་གནང་སྟེ་བོད་དུ་བསྣམས་པ་རེད། དེའི་རྗེས་སུ་རྒྱ་གར་གྱི་རྩ་བའི་ལྟ་གྲུབ་རྣམས་རང་འཇགས་བཟུང་ཐོག བོད་ཀྱི་ཡུལ་སྲོལ་དང་རྒྱ་ནག་གི་གསོ་རིག་གི་ཆ་ཤས་འགའ་རེ་བསྣན་པ་རེད་ཅེས་ཁོས་བརྗོད་ཡོད་པ་བཀོད་འདུག
ཕྱི་ལོ་༢༠༡༩ ལོར་རྒྱ་ནག་གིས་ཐོག་མར་གོམ་པ་སྤོས་ནས་བོད་ལུགས་གསོ་རིག་གི་ལུམས་(the Lum)ཀྱི་ལག་ལེན་དེ་ཉིད་(UNESCO) ཡི་འཛམ་གླིང་དངོས་མེད་རིག་གནས་ཤུལ་བཞག་གི་ཐོ་གཞུང་དུ་བཅུག་པ་དང་། དེ་དང་མཉམ་དུ་རྒྱ་ནག་གཞུང་ཚབ་ཁང་གིས་གསོ་བ་རིག་པ་ཡོངས་རྫོགས་རྒྱ་ནག་གི་ཡིན་པའི་བསྒྲགས་གཏམ་སྤེལ་བ་དེས་རྒྱ་གར་ལ་གནོན་ཤུགས་སྤྲད་དེ་བདག་དབང་ཐད་རྩོད་ལེན་བྱེད་དགོས་བྱུང་ཡོད་པ་བཀོད་འདུག
འབུམ་རམས་པ་པདྨ་འགྱུར་མེད་ཀྱིས་རྒྱ་གར་གྱིས་ལངས་ཕྱོགས་དེ་འཛིན་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་ཚབ་ཁང་གིས་གསོ་རིག་ཡོངས་རྫོགས་རྒྱ་ནག་གི་ཡིན་པར་བསྒྲགས་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཡིན་པས་རེད་ཅེས་བརྗོད་ཡོད་པ་བཀོད། རྒྱ་གར་གྱི་སྙན་ཞུ་དེ་ལོ་དེ་རང་ལ་ཕུལ་ཞིང་། འབུམ་རམས་པ་ཁོས་ཡིག་ཆ་ཕྱོགས་སྒྲིག་གི་ལས་དོན་ལ་སྣེ་ཁྲིད་གནང་། ད་ལྟའི་ཆར་འབྲུག་ཡུལ་གྱིས་ཀྱང་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། བལ་ཡུལ་དང་སོག་པོ་བཅས་ཀྱང་ཉེ་ཆར་གྱི་བགྲོ་གླེང་ཚོགས་འདུ་ཁག་ཏུ་མཉམ་ཞུགས་བྱས་ཡོད་པ་བཀོད་འདུག གསོ་བ་རིག་པའི་འབྱུང་ཁུངས་རྒྱ་གར་ཡིན་པའི་སྐོར་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱོན་ཡོངས་ནས་ལྐོག་གྱུར་གྱིས་སྤྱི་མཐུན་གྱི་ལྟ་བ་ཞིག་ཆགས་བཞིན་ཡོད། རྒྱ་གར་གྱི་ས་ཐོག་ཏུ་སྲོལ་རྒྱུན་དེ་ཉིད་རྒྱུན་མ་ཆད་པར་གསོན་པོར་གནས་བཞིན་པ་དེས་བཤད་པ་དེ་ལ་ནུས་པ་སྔར་བས་ཆེ་བ་སྤྲོད་ཀྱི་ཡོད། གཞུང་ནས་དངོས་སུ་ངོས་འཛིན་མ་བྱས་གོང་ནས་ལ་དྭགས་ཀྱི་མི་འབོར་བརྒྱ་ཆ་༥༠ ཙམ་གྱིས་གསོ་རིག་ལག་ལེན་པ་རྣམས་ལ་བརྟེན་བཞིན་ཡོད་པ་དང་། དེ་ནི་དེང་རབས་འཕྲོད་བསྟེན་གྱི་ཁ་སྐོང་ཙམ་མ་ཡིན་པར་གཞི་རྩའི་སྨན་བཅོས་ཀྱི་ངོ་བོར་བེད་སྤྱོད་བྱེད་བཞིན་ཡོད་ཅེས་བཀོད་འདུག
རྒྱ་གར་གྱི་ཨ་སྒོར་ས་ཡ་༡༡ གི་དཀའ་ངལ།
རྒྱལ་ཚོགས་ཀྱི(NESCO )ཡི་བདག་དབང་འཐབ་རྩོད་དེ་དཔལ་འབྱོར་གྱི་གནད་དོན་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་དང་། རྒྱ་གར་གྱི་གསོ་རིག་ལ་བརྟེན་ནས་ཡོང་འབབ་ནི་ད་ལྟའི་ཆར་ཨ་སྒོར་ས་ཡ་༡༡ ཙམ་ལས་མེད་ཀྱང་། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་གཅིག་པུ་ནས་ལོ་རེར་ཨ་སྒོར་ཐེར་འབུམ་མང་པོ་བཟོ་བཞིན་ཡོད་ཅིང་། འཛམ་གླིང་ནང་གསོ་རིག་ཚོང་ལས་ཀྱི་བརྒྱ་ཆ་༩༨ ཙམ་རྒྱ་ནག་གིས་ཟིན་ཡོད་པ་བརྗོད་འདུག
རྒྱ་གར་གྱི་དཀའ་ངལ་གཙོ་བོ་ནི་ཁྲིམས་ལུགས་ཀྱི་ངོས་འཛིན་ཡིན། ཉེ་དུས་བར་གསོ་བ་རིག་པའི་སྨན་རྫས་རྣམས་རྒྱ་གར་གྱི་སྨན་རྫས་ཁྲིམས་ཡིག་(Drugs and Cosmetics Act) འོག་ཏུ་མེད་པས། ཁྲིམས་མཐུན་གྱི་སྒོ་ནས་སྨན་སྦྱོར་བཟོ་གྲྭ་འཛུགས་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཟླ་བ་དྲུག་གི་གོང་དུ་གཞི་ནས་ཁྲིམས་ཡིག་དེའི་འོག་ཏུ་བཅུག་པ་རེད་། ད་ལྟའང་ལག་ལེན་དུ་བསྟར་བར་དུས་ཚོད་འགོར་རྒྱུ་རེད་ཅེས་ཁོས་བརྗོད་འདུག
ད་ལྟའི་ཆར་རྒྱ་གར་ནང་(Men-Tsee-Khang- the Tibetan medicine institution under the government-in-exile)བཙན་བྱོལ་གཞུང་གི་འོག་ལ་ཡོད་པའི་བོད་ཀྱི་སྨན་རྩིས་ཁང་དེ་ལག་ལེན་དང་སྨན་སྦྱོར་ཆེ་ཤོས་བྱེད་མཁན་དེ་ཆགས་ཡོད། དེ་ནི་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་བོད་ཀྱི་གསོ་རིག་བསྟི་གནས་ཤིག་ཡིན་ཞིང་། རྒྱ་གར་གྱི་ས་གནས་ཁག་ཏུ་ཡན་ལག་སྨན་ཁང་༦༠ ཙམ་སྒོ་འབྱེད་གནང་ཡོད་པ་མ་ཟད། རང་ཉིད་ཀྱི་སྒྲོམ་གཞིའི་འོག་སྨན་རྫས་དང་། ལུས་སེམས་འཕྲོད་བསྟེན་གྱི་ཐོན་རྫས། རྩི་ཇ། བྱུག་སྨན། བཅུད་སྨན་(Nutraceuticals)སོགས་བཟོ་སྐྲུན་བྱེད་བཞིན་ཡོད་ཅེས་དང་། ལས་ཀའི་འགྲོ་ལུགས་སམ་སྒྲོམ་གཞི་དང་སྲོལ་རྒྱུན་གཉིས་ཟུང་འབྲེལ་བྱུང་ཚེ་གྲུབ་འབྲས་ཅི་འདྲ་ཞིག་ཐོན་ཐུབ་མིན་དཔེ་མཚོན་དེ་ལས་མཐོང་ཐུབ། ཏོག་དབྱིབས་ནད་ཡམས་རྗེས་སུ་འཛམ་གླིང་ཡོངས་སུ་རང་བྱུང་རྩི་ཤིང་གི་སྨན་རྫས་ལ་དོ་སྣང་ཆེ་རུ་ཕྱིན་ཡོད་པས། རྒྱ་གར་ལ་གོ་སྐབས་བཟང་པོ་ཡོད་ཅེས་བརྗོད་འདུག
གསོ་བ་རིག་པའི་མ་འོངས་པའི་མདུན་ལམ།
རྒྱལ་སྤྱིའི་ཐོག་ཏོག་དབྱིབས་ནད་ཡམས་ཀྱི་རྗེས་སུ་མི་རྣམས་སླར་ཡང་རང་བྱུང་ཁམས་ལ་དགའ་ཞེན་ཆེ་རུ་ཕྱིན་ཡོད། ད་ལྟ་ཀུན་གྱིས་ལུས་སེམས་བདེ་ཐང་ནི་མི་ཚེའི་ལྡེ་མིག་ལྟ་བུ་ཡིན་པ་ཤེས་ཀྱི་ཡོད་ལ། སྨན་རྩ་ལས་གྲུབ་པའི་ཐོན་རྫས་རྣམས་ནི་དེའི་གནད་འགག་ཅིག་ཡིན། རྩི་ཤིང་རིག་པའི་བཟོ་ལས་ཀྱི་འཕེལ་རྒྱས་ཇི་ཙམ་འགྲོ་བཞིན་པ་མཐོང་ཐུབ། ད་ལྟའི་དུས་རབས་འདིར་རང་བྱུང་སྐྱེ་ལྡན་(Organic)ནི་དར་སྲོལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་འདུག
ཁོས་མིག་དཔེར་འཛིན་ས་ནི་པདྨ་ཉེར་བརྒྱད་(Padma 28)ཅེས་པའི་སྲོལ་རྒྱུན་གྱི་སྦྱོར་ཚད་གཞིར་བཟུང་ནས་ཚད་གཞི་ལྡན་པར་བཟོས་པའི་གསོ་རིག་སྦྱོར་ཚད་དེ་ཡིན། དེ་ནི་འབུམ་རམས་པ་འགྱུར་མེད་ཀྱི་གྲོགས་པོ་སུད་སིའི་དངོས་ཁམས་རིག་པ་ཞིག་གིས་སྲོལ་རྒྱུན་གྱི་སྦྱོར་ཚད་དེ་ཚན་རིག་གི་བརྟག་དཔྱད་དང་ཁྲིམས་མཐུན་ཆོག་མཆན་བརྒྱུད་དེ། སུད་སིའི་ནང་དུ་སྨན་དངོས་སུ་ངོས་འཛིན་ཐོབ་པ་ཞིག་ཡིན་པ་བརྗོད་འདུག སུད་སིའི་ནང་དུ་གསོ་བ་རིག་པའི་སྨན་ལུགས་དེ་ཉིད་སྨན་དངོས་སུ་ངོས་འཛིན་ཐོབ་པ་བྱེད་རྒྱུ་ནི་གདོང་ལེན་ཆེན་པོ་ཞིག་ཡིན་ནའང་། ད་ལྟ་དེ་དག་དཔྱད་ཞིབ་མཐར་ཕྱིན་པ་བྱས་ནས་སྨན་དུ་ངོས་འཛིན་ཐོབ་ཡོད་པ་བརྗོད་འདུག
གལ་ཏེ་རྒྱ་གར་ཕྱི་ལོག་ཏུ་ཡོད་པའི་དངོས་ཁམས་སྨྲ་བ་གཅིག་གིས་གསོ་རིག་སྦྱོར་ཚད་གཅིག་གི་ཐོག་ནས་དེ་འདྲའི་གྲུབ་འབྲས་ཐོབ་ཐུབ་ན། རྒྱ་གར་རང་ཉིད་ཀྱི་སྒྲིག་འཛུགས་ཀྱི་ནུས་པ་དང་། ཧི་མ་ལ་ཡའི་སྨན་རྩྭའི་ཐོན་ཁུངས། ལོ་ངོ་༢༠༠༠ ལྷག་གི་ལོ་རྒྱུས་བཅས་ལ་བརྟེན་ནས་ཅི་ཞིག་སྒྲུབ་ཐུབ་པ་ནི་བཤད་མ་དགོས་པ་ཞིག་རེད། ད་ལྟ་རྒྱ་གར་གྱི་ཚན་རིག་དང་བཟོ་ལས་ཞིབ་འཇུག་ལྷན་ཚོགས་(CSIR) དང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་བར་མཉམ་ལས་ཀྱི་གན་རྒྱ་(MOU)བཞག་ཟིན་ལ། ཐོན་རྫས་གསར་གཏོད་ནི་རིམ་པ་རྗེས་མའི་དམིགས་ཚད་ཡིན་པ་བརྗོད་འདུག
བཟོ་གྲྭ་ལ་མཁོ་བའི་སྨན་ལྡུམ་རྭ།
མ་འོངས་པའི་ཐོན་རྫས་རེ་རེའི་རྒྱབ་ཏུ་རྩི་ཤིང་རེ་ཡོད། འོན་ཀྱང་གསོ་བ་རིག་པར་མཁོ་བའི་སྨན་རྩྭ་རྣམས་ད་ལྟ་དཀའ་ངལ་གྱི་གནས་སུ་ཡོད། ལོ་ངོ་བཅོ་ལྔའི་གོང་དུ། སྨན་པ་འབུམ་རམས་པ་འགྱུར་མེད་ཀྱིས་སྔར་བྱུང་མྱོང་མེད་པའི་གདོང་ལེན་ཞིག་བྱས་ནས་། ཧི་མ་ལ་ཡའི་ཁུལ་གྱི་སྨན་པ་རྣམས་ཀྱིས་སྲོལ་རྒྱུན་ལྟར་རི་མཐོ་ས་ནས་སྨན་རྩྭ་འཐུ་བཞིན་ཡོད་ཀྱང་། དེ་འདྲའི་འཐུ་སྒྲུབ་ཀྱི་ལམ་སྲོལ་ནི་ཡུན་རིང་གནས་ཐུབ་པ་ཞིག་མ་རེད། རྩི་ཤིང་མང་པོ་ཞིག་རྩ་མེད་དུ་འགྲོ་བཞིན་པ་དང་། གནམ་གཤིས་འགྱུར་ལྡོག་གིས་སྐྱེ་དངོས་ཀྱི་གནས་ཡུལ་རྣམས་སྔར་ལས་མཐོ་སར་དེད་བཞིན་ཡོད། གལ་ཏེ་རྩི་ཤིང་རིགས་གཅིག་རྩ་མེད་དུ་སོང་ན། དུས་རབས་མང་པོའི་རིང་ལེགས་བཅོས་བྱས་པའི་སྦྱོར་ཚད་རྣམས་ཀྱང་དེ་དང་མཉམ་དུ་བརླག་འགྲོ་གི་ཡོད། ཁོས་WION གསར་ཁང་ལ་སྲོལ་རྒྱུན་སྨན་པ་མང་ཆེ་བས་རི་སྐྱེས་སྨན་རྩྭ་འཐུ་རྒྱུར་བརྟེན་བཞིན་ཡོད་པ་ནི་མ་འགྲིག་པ་ཞིག་རེད། རྩི་ཤིང་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བ་ང་ཚོས་མཐོང་ཡོད། དེའི་ཕྱིར་ངས་ལོ་ངོ་༡༥ གོང་ནས་ཆེད་མངགས་ཧི་མ་ལ་ཡ་བརྒལ་བའི་སྨན་རྩྭའི་ལྡུམ་རྭ་(Trans-Himalayan Herbal Garden) ཞིག་བཙུགས་པ་ཡིན་ཞེས་བརྗོད་འདུག
ད་ལྟ་ལ་དྭགས་སུ་མཐོ་ཚད་ཕི་ཊི་(༡༡,༠༠༠ )མཚམས་སུ་ཡོད་པའི་ལྡུམ་རྭ་དེའི་ནང་སྨན་རྩྭ་རིགས་(༡༠༠ )ལྷག་ཡོད་ཅིང་། དེ་དག་ནི་མཐོ་ཚད་ཕི་ཊི་(༡༥,༠༠༠ )ནས་(༡༨,༠༠༠ )བར་གྱི་གནས་ཡུལ་ནས་ལོ་མང་རིང་ཚོད་ལྟའི་བརྒྱུད་དེ་བླངས་པ་ཤ་སྟག་ཡིན། གྲུབ་འབྲས་ཀྱིས་ཞིབ་འཇུག་པ་རྣམས་ཀྱང་ཧང་སངས་བཅུག་ཡོད། སྔོན་ཆད་མཐོ་ཚད་(༡༧,༠༠༠ )མཚམས་སུ་ཟླ་བ་བརྒྱད་པར་མེ་ཏོག་བཞད་པའི་རྩི་ཤིང་རྣམས་ད་ལྟ་མཐོ་ཚད་(༡༡,༠༠༠ )མཚམས་སུ་ཟླ་བ་བཞི་པར་མེ་ཏོག་བཞད་ཐུབ་ཀྱི་ཡོད། མ་ཟད་རྩི་ཤིང་འགའ་རེའི་ནུས་པ་ནི་སྔར་ལས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་འདུག
ལྡུམ་རྭ་དེ་ད་ལྟ་ཧི་མ་ལ་ཡའི་རྩི་ཤིང་རིག་པ་བ་རྣམས་འཛོམས་ས་ཞིག་ཏུ་གྱུར་ཡོད། དེ་བཞིན་ཞིང་པ་རྣམས་ལ་སྨན་རྩྭ་འདེབས་ལས་བྱེད་སྟངས་ཀྱི་ཟབ་སྦྱོང་སྤྲོད་བཞིན་ཡོད་ལ། དེ་མ་འོངས་པར་མཁོ་བའི་རྒྱུ་ཆ་མཁོ་འདོན་ལམ་ཁ་བཟོ་བཞིན་ཡོད། ད་ལྟ་ཁོས་ས་ཆ་མཐོ་ས་ཞིག་ཏུ་ལྡུམ་རྭ་གཉིས་པ་ཞིག་ཀྱང་འཆར་གཞི་འཐེན་བཞིན་ཡོད་ཅེས་དང་། གལ་ཏེ་སྲོལ་རྒྱུན་གསོ་རིག་གམ་སྨན་རྩྭའི་བཟོ་ལས་རྒྱ་སྐྱེད་གཏོང་འདོད་ན། སྨན་རྩྭ་དེ་དག་ངེས་པར་དུ་འདེབས་ལས་བྱེད་དགོས་པ་མ་ཟད། རི་སྐྱེས་སྨན་རྩྭ་རྣམས་ཀྱང་རྒྱུན་སྐྱོང་ཐུབ་པའི་སྒོ་ནས་འཐུ་སྒྲུབ་བྱེད་པའི་ལམ་ལུགས་ཤིག་བཟོ་དགོས་ཞེས་བརྗོད་འདུག
སྒྲིག་འཛུགས་ཀྱི་མ་འོངས་པ།
རྒྱལ་ཚོགས་ཀྱི་(UNESCO)རུ་གསོ་བ་རིག་པ་འཚུད་རྒྱུའི་ཞུ་གཏུག་འགྲོ་བཞིན་པ་དང་། ཚོང་ལས་ཀྱི་ལམ་ཁ་ཕྱེ་བ། སྨན་རྩྭ་སྲུང་སྐྱོབ་ཀྱི་གཞི་རྟེན་འཛུགས་སྐྲུན་བྱེད་བཞིན་པའི་སྐབས་འདིར། འབུམ་རམས་པ་འགྱུར་མེད་ཀྱིས་གསོ་བ་རིག་པའི་ཆེད་དུ་བསྐྲུན་བཞིན་པའི་མ་འོངས་པའི་སྒྲིག་འཛུགས་ཀྱི་རྣམ་པ་དེ་གསལ་པོར་ཆགས་བཞིན་ཡོད་པ་བརྗོད་འདུག ཕྱི་ལོ་༢༠༡༩ ལོར་ཁོས་སྲིད་བློན་མོ་དཱི་ལ་ཡི་གེ་ཞིག་ཕུལ་ནས་ཉིན་གསུམ་གྱི་ནང་ཁས་ལེན་ཐོབ་ནས་ལ་དྭགས་གླེ་རུ་རྒྱལ་ཡོངས་གསོ་རིག་ལྟེ་གནས་ཁང་(NISR) བཙུགས། ད་ལྟའི་དམིགས་ཚད་ནི་ལྟེ་གནས་དེ་ཉིད་གཙུག་ལག་སློབ་གྲྭ་ཆེན་མོའི་ངོ་བོ་(Deemed University)ཅན་དུ་བསྒྱུར་རྒྱུ་དེ་ཡིན། དེ་ལྟར་བྱུང་ན་སློབ་ཚན་རང་ཉིད་ཀྱིས་བཟོ་བ་དང་། ཞིབ་འཇུག་བྱེད་པ། ལག་འཁྱེར་སྤྲོད་པ་སོགས་ལ་རང་དབང་ཐོབ་ཐུབ་ཅེས་ཡོད་པ་བརྗོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་(WHO)ཡི་རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་ལྟེ་གནས་དང་མཉམ་ལས་བྱེད་རྒྱུའི་གྲོས་མོལ་ཡང་འགྲོ་བཞིན་ཡོད། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་ཐོག གསོ་བ་རིག་པའི་སྐོར་གྱི་གློག་བརྙན་ཡང་བསྟན་ཡོད། ཁོང་ཚོས་ང་ཚོ་དང་མཉམ་དུ་ལས་ཀ་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་བརྗོད་འདུག སྔོན་ཆད་རང་གི་རྒྱལ་ཁབ་ནང་དུ་ཁྲིམས་མཐུན་གྱི་གནས་བབས་མེད་པའི་ལུགས་སྲོལ་དེ། ད་ལྟ་རྒྱལ་སྤྱིའི་སྟེང་གོ་གནས་བརྟན་པོ་བཟོ་བཞིན་ཡོད་པ་བཀོད་འདུག
མ་འོངས་པར་ཅི་ཞིག་འབྱུང་ངམ།
རྒྱ་ནག་གིས་གསོ་བ་རིག་པའི་རྩ་བ་དེ་ཁོང་ཚོའི་ཡིན་པའི་རྩོད་པ་བྱེད་བཞིན་ཡོད་ལ། རྒྱ་གར་གྱིས་ཀྱང་དེའི་ལན་དུ་གྲོས་ཚོགས་ཀྱི་ཟིན་ཐོ་དང་། (UNESCO)ཡིག་ཆ། ཞིབ་འཇུག་གི་གན་རྒྱ་བཅས་ཀྱི་སྒོ་ནས་བདེན་དཔང་གྲ་སྒྲིག་བྱེད་བཞིན་ཡོད། འབུམ་རམས་པ་འགྱུར་མེད་ཀྱིས་ལོ་ངོ་སུམ་ཅུའི་རིང་རིག་གནས་དེ་གསར་གཏོད་བྱེད་མཁན་དེ་ལས་གཞན་སུ་ལའང་བདག་དབང་མེད་པའི་ལངས་ཕྱོགས་བཟུང་ཡོད། སྨན་དང་མཛེས་རྫས་ཁྲིམས་ཡིག་(Drugs and Cosmetics Act)ནང་གསོ་བ་རིག་པ་ཚུད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་མཉམ་ལས་བྱེད་པ། ཧི་མ་ལ་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་འཛུགས་པ་སོགས་ཐམས་ཅད་ཕྱོགས་གཅིག་ལ་སྐྱོད་བཞིན་ཡོད་ཅེས་བཀོད་འདུག ཁོས་གསོ་བ་རིག་པའི་མ་འོངས་པ་ནི་ཚན་རིག་གི་དཔྱད་ཞིབ་དང་ཚན་རིག་གི་བདེན་དཔང་ལ་ཐུག་ཡོད། དེར་ནུས་པ་ཆེན་པོ་ཡོད་ཅེས་བརྗོད་འདུག རྡོ་རྗེ་གདན་ནས་སླེ་དང་། དེ་ནས་(Geneva)ཇི་ནི་ཝ་བར་གསོ་བ་རིག་པའི་མ་འོངས་པའི་མདུན་ལྗོངས་ནི་གོམ་པ་རེ་རེ་བཞིན་མངོན་དུ་འགྱུར་བཞིན་ཡོད་ཅེས་བཀོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
