རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་ཉི་འོང་དུ་དབུ་འཛུགས་གནང་འདུག
ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཉི་འོང་རྒྱལ་སར་རྟེན་གཞི་བྱས་པའི་ཉི་འོང་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་ཁང་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དབུ་འཛུགས་གནང་འདུག

ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༠༠ ཐོག། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཉི་འོང་རྒྱལ་ས་ཊོཀ་ཡོར་རྟེན་གཞི་བྱས་པའི་ཉི་འོང་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་ཁང་ནང་ཉིན་གྲངས་གཉིས་རིང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དབུ་འཛུགས་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ཐོག་ཉི་འོང་གཙོས་པའི་རྒྱལ་ཁབ་ཁག་མི་འདྲ་བ་༢༩ ཡི་གྲོས་ཚོགས་འཐུས་མི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་ཕྱི་དྲིལ་དྲུང་ཆེ། སྐུ་ཚབ་དོན་གཅོད་རྣམ་པ། གཞན་ཡང་ཕྱི་ནང་གི་མཁས་དབང་དང་། མི་རིགས་འདྲ་མིན་གྱི་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་༡༤༢ ལྷག་ཙམ་དངོས་སུ་མཉམ་ཞུགས་གནང་ཡོད་འདུག་པ་དང་།
སྐབས་དེར་ཐོག་མར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨི་རི་ཀོ་ ཡཱ་མཱ་ཊ་ནི་ (Eriko Yamatani) ཡིས་དགའ་བསུའི་གསུང་བཤད་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་ཆེན་ངོ་སྤྲོད་གནང་། སྐུ་མགྲོན་གཙོ་བོ་ཉི་ཧོང་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་དང་། ཉི་ཧོང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨ་ཀི་ལོ་ སན་ཊོ་ (Hon. Akiko Santo) ་དང་། དམིགས་བསལ་སྐུ་མགྲོན་ཉི་འོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ ཨ་བྷེ་ (Hon. Shinzo Abe) དམ་པའི་སྐུ་ཟླ་ལྕམ་སྐུ་ཨེ་ཀཡེ་ ཨ་བྷེ། (Akie Abe) ཧི་གྷ་ཤི་ཧོང་ཝན་ཇི་དགོན་པའི་མཁན་ཐོག་༢༤ པ་ཆུ་ཇུན་ ཨོ་ཊཱ་ནི་ (Rev. Chojun Ohtani) བཅས་ཀྱིས་གསུང་བཤད་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱའི་ཀལ་ མེག་ཀཱོལ་ (Hon. Michael McCaul) དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ (Hon. Nancy Pelosi) རྣམ་གཉིས་ཀྱིས་བརྙན་ལམ་བརྒྱུད་གསུང་བཤད་གནང་ཞིང་། ༸གོང་ས་མཆོག་གི་གསུང་འཕྲིན་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་སྒྲོག་སྦྱངས་གནང་རྗེས། ༸གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་མང་གཙོ་ཞེས་པའི་བརྙན་ཐུང་གཟིགས་འབུལ་ཞུས་པ་དང་འབྲེལ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་ཡོད་འདུག
སྔ་དྲོར་ཚོགས་ཐུན་གཉིས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་ཞིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་གྷེར་གྱིས་བརྙན་ལམ་བརྒྱུད་གསུང་བཤད་གནང་། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱིས་བོད་ནང་དངོས་སུ་དཀའ་སྡུག་མྱངས་པའི་མྱོང་ཚོར་སྐོར་གསུང་བཤད་གནང་འདུག
ཚོགས་ཐུན་གསུམ་པའི་ཐོག་རྒྱ་གར་གཞུང་ཚབ་ཟུར་པ་དང་། བོད་ནང་བཙན་རྒྱལ་རིང་ལུགས་པའི་རོལ་རྩེད་དང་། འཚོ་གནས་དང་མངའ་དབང་ཆེད་འཐབ་རྩོད་ (Imperial Games in Tibet: The Battle for Survival and Sovereignty) ཅེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་དྷི་ལིབ་ སིན་ཧཱ་ (Amb. Dilip Sinha) ཡིས་ “བོད་དོན་འགྲེལ་བརྗོད་དང་། རྒྱ་གཞུང་གི་གནས་ཚུལ་རྫུན་བཟོ་འཁྱོག་བཤད་ལོག་འགྲེལ་རིགས་ལ་གདོང་ལེན་གནང་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག། ཉི་འོང་ཝ་སི་དྷ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ལྕམ་སྐུ་ཨི་ཤི་ཧཱ་མཱ་ ཡོ་མི་ཀོ་ (Ms. Ishihama Yomiko) ་ཡིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་རྒྱ་གཞུང་གིས་ཐེ་བྱུས་དང་། བདག་དབང་ཡོད་ཚུལ་གྱི་ལོག་འགྲེལ་སྐོར་ལ་གསུང་བཤད་གནང་ཡོད་འདུག

ཉིན་དང་པོའི་ཚོགས་ཐུན་བཞི་པའི་ཐོག།མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གི་དམིགས་བསལ་ཆེད་མཁས་མི་སྣ་ཟུར་པ་སྐུ་ཞབས་ཧྤར་ནན་ཌི་ ཌེ་ ཝ་རེ་ནེསི་ (Fernand De Varennes) དང་། ཉི་འོང་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཁང་གི་སྐུ་ཞབས་ཊེ་པེ་ ཀཱ་སཡེ་ (Teppei Kasai) རྣམ་གཉིས་ཀྱིས་ “རྒྱ་ནག་གཅིག་སྡུད་དབང་འཛིན་གཞུང་གིས་མང་གཙོའི་སྒྲིག་འཛུགས་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་སི་ཊེ་ཧྥིན་ ཤཱི་ནེཀ་ (Stephen Schneck) ཡིས་བརྙན་ལམ་བརྒྱུད་གསུང་བཤད་གནང་ཡོད་འདུག
ཉིན་དང་པོའི། ཚོགས་ཐུན་ལྔ་པའི་ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་དང་། ཉི་འོང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཉམས་ཞིབ་པ་ཀི་ཊཡེ་ ཌཡེ་སུ་ཀེ་ (Kitai Daisuke) ་རྣམ་གཉིས་ཀྱིས་ “རྒྱལ་འབྲེལ་ཐབས་ལམ་གོང་མཐོར་བཏང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་དཀའ་ངལ་མཉམ་སྦྲེལ་ཐོག་ནས་སེལ་རྒྱུའི་ཐབས་ལམ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
གཞི་རྩའི་ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༨ ཚོགས་ཟིན་ཅིང་། ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་བསྐོང་ཚོགས་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝེ་ནི་ཡའི་གྲོང་ཁྱེར་ཝིལ་ནི་ཡ་ས་དང་། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨི་ཌིན་བྷརྒ། ལྔ་པ་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ། དྲུག་པ་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ། བདུན་པ་ཕྱི་ལོ་ ༢༠༡༩ ལོར་ལ་ཊི་ཝི་ཡའི་རྒྱལ་ས་རི་ག བརྒྱད་པ་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ད་ཐེངས་དགུ་པ་དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོར་འཚོག་བཞིན་པ་བཅས་རེད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།