རྒྱུད་སྟོད་གྲྭ་ཚང་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་༡༢ བྱུང་འདུག
དྷ་སའི་ཉེ་འདབས་སུ་ཆགས་པའི་རྒྱུད་སྟོད་གྲྭ་ཚང་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་༡༢ བྱུང་བར་བརྟེན། ཟླ་འདིའི་ཚེས་༢༥ ནས་ཕྱི་ཟླ་༣ ཚེས་༡༠ བར་དུ་གྲྭ་ཚང་གི་ཕྱི་ནང་དུ་འགྲོ་འོང་བཀག་སྡོམ་གནང་འདུག
ཁ་སང་ཕྱི་ཚེས་༢༥ ཉིན་ཀང་རཱ་རྫོང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བཀོད་ཁྱབ་ཞིག་བཏང་ཡོད་པའི་ནང་དྷ་རམ་ས་ལའི་ཉེ་འདབས་རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་གཉན་རིམས་འགོས་པ་༡༢ གཏན་འཁེལ་བྱུང་ཡོད་སྟབས། མི་མང་འདུ་འཛོམས་མི་ཆོག་པའི་ཁྲིམས་ཡིག་དོན་ཚན་144 OF CrPC, 1973 འོག འདི་ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བར་འབྲེལ་ཡོད་ས་གནས་ནད་ཡམས་ཀྱི་ལྟེ་བར་ངོས་འཛིན་བྱས་ཏེ། བཀོད་ཁྱབ་འོག་ཡོད་པའི་ས་གནས་ནང་ནད་ཡམས་སྔོན་འགོག་སོགས་ཀྱི་ལས་དོན་དང་འབྲེལ་བའི་སྨན་ཞབས་པ་དང་འབྲེལ་ཡོད་རླངས་འཁོར་ཁག་ཅིག་ལས་གཞན་སུའང་འཛུལ་མི་ཆོག་པ་དང་། ཛ་དྲག་གི་སྨན་བཅོས་བྱེད་པར་དམིགས་བསལ་ཆོག་མཆན་ཡི་གེ་ཡོད་ན་མ་གཏོགས་བཀག་སྡོམ་འོག་ཡོད་པའི་མི་སུའང་སྒོའི་ཕྱིར་ཐོན་མི་ཆོག་པ་དང་། ཉེར་མཁོའི་ཅ་དངོས་རྣམས་གྲྭ་ཚང་དང་འབྲེལ་ཡོད་ལས་མིས་མཁོ་སྤྲོད་གནང་རྒྱུ་དང་། བཀོད་ཁྱབ་འོག་གི་ལས་ཁུངས་རྣམས་ཀྱང་སྒོ་འབྱེད་མི་ཆོག་སྐོར་བསྒྲགས་འདུག
ཀང་རཱ་རྫོང་གི་གནས་ཚུལ་ལྟར་ན། རྒྱུད་སྟོད་གྲྭ་ཚང་དུ་ཁྱོན་མི་གྲངས་༤༠༠ ཙམ་ཡོད་འདུག་ལ། ཁ་སང་ཕྱི་ཚེས་༢༥ ཉིན་མི་གྲངས་༡༢ ལ་ནད་ཡམས་འགོས་ཡོད་པ་གཏན་འཁེལ་བྱུང་ཡོད་པའི་ཁྲོད། དགུང་ལོ་བགྲེས་ཤོས་༤༨ ཅན་མི་གཉིས་དང་ཆུང་ཤོས་ལོ་༡༥ ཅན་མི་གཉིས་ཡོད་འདུག
ཁ་སང་ཕྱི་ཚེས་༢༥ ཉིན་རྒྱུད་སྟོད་གྲྭ་ཚང་གི་ནད་པའི་གྲུབ་འབྲས་མ་ཐོན་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། འདས་པའི་བདུན་ཕྲག་གཅིག་གི་རིང་དྷ་ས་ཁུལ་དུ་མི་གྲངས་༤༨ དང་མེན་པཱཌ་གཞིས་ཆགས་སུ་མི་གྲངས་༡༢ བཅས་ཁྱོན་མི་གྲངས་༦༠ ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབས་ཡོད་པ་དང་། ད་བར་ཁྱོན་བོད་མི་གྲངས་༤༠༦ ལ་འགོག་ཁབ་བརྒྱབས་ཟིན་སྐོར་དང་། འདས་པའི་བདུན་ཕྲག་གཅིག་གི་ནང་ནད་གཞི་ཕོག་པ་གྲངས་༡༠ བྱུང་ཡོད་པའི་ཁྲོད། ལོ་ན་མཐོ་ཤོས་༩༠ དང་དམའ་ཤོས་༡༥ ཅན་ཡིན་ཞིང་། ནད་རྟགས་དམིགས་བསལ་མེད་པ་གྲངས་༦ དང་ཅུང་ཙམ་མངོན་པ་གྲངས་༤། དེ་བཞིན་ནད་རྐྱེན་འདས་སུ་ཕྱིན་པ་གཅིག་ཀྱང་བྱུང་མེད་སྐོར་འགྲེལ་བརྗོད་གནང་འདུག