རྡ་སར་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་སོང་།

ཟླ་༣ པའི་ཚེས་༨ ཉིན་ནི་ལོ་ལྟར་རྒྱལ་སྤྱིའི་བུད་མེད་ཉིན་མོར་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། ཐེངས་འདིར་བཞུགས་སྒར་རྡ་སར་བུད་མེད་ལྷན་ཚོགས་ནས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་ཉིན་མོ་དང་འབྲེལ་ནས་གསུང་བཤད་གནང་འདུག 

དེ་ཡང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་རྡ་ས་བུད་མེད་ལྷན་ཚོགས་གཉིས་ནས། མེག་གྷན་གྱི་ཁྲོམ་གཞུང་དུ། འདི་ལོའི་རྒྱལ་སྤྱིའི་བུད་མེད་ཉིན་མོའི་བརྗོད་གཞི་སྤྱི་སྙོམས་དང་ལེན་དང་བསྟུན་ནས། གཞས་དང་ཞབས་བྲོ། གོ་རྟོགས་ལས་འགུལ། འདྲི་རྩད་ལས་འགུལ་སོགས་སྤེལ་ནས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་གནང་སོང་།

སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ནས། ལོ་ལྟར་རྒྱལ་ཚོགས་ནས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོའི་ཐོག་བརྗོད་གཞི་འདྲ་མིན་གཏན་འབེབས་གནང་གི་ཡོད་པ་ལྟར་དེ་དང་བསྟུན་ནས་ལས་འགུལ་སྤེལ་གྱི་ཡོད་པ། བཙན་བྱོལ་བོད་མི་ཚོགས་སྒེར་རྣམས་ནས་གཞིས་བཞུགས་བུད་མེད་རྣམས་ལ་རང་དབང་མེད་པའི་གནས་སྟངས་ལ་གཞིགས་ཏེ་ས་གནས་སོ་སོར་དེ་འབྲེལ་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་ཡིན་པ། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་དང་འབྲེལ་ནས་གཞིས་བཞུགས་བོད་མི་གཙོས་པའི་སྐྱེས་མ་རྣམས་ཀྱི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་གནས་སྟངས་ལ་དགོངས་བཞེས་གནང་དགོས་པ་གལ་ཆེན་ཆགས་ཡོད་སྐོར་གསུངས་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཉིན་མོ་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་ཟླ་བ་གཅིག་གི་རིང་བུད་མེད་སིལ་སྤོལ་རྩེད་འགྲན་གཙོས་པའི་ལས་གཞི་ཁག་ཅིག་སྤེལ་འཆར་ཡོད་པ། སྤྱིར་བཏང་རྒྱལ་སྤྱིའི་སྤྱི་ཚོགས་གཞན་དང་བསྡུར་ན། བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་བབ་ལེགས་པོ་ཡོད་ཀྱང་། སྐབས་འགར་བུད་མེད་ཐོག་དཀའ་ངལ་འབྱུང་གི་ཡོད་པ་དེ་དག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་རམས་འདེགས་གནང་བཞིན་ཡོད་པ་དང་། ལྷག་པར་དུ་མ་འོངས་པར་སྤྱི་ཚོགས་ནང་བུད་མེད་ཀྱི་འགོ་ཁྲིད་མང་དུ་འགྲོ་རྒྱུར་མཚོན་པའི་བུད་མེད་རྣམས་ནས་སྤྱི་ཚོགས་སྤྱི་ལ་སྨན་པ་དང་། དེ་བཞིན་སྒེར་གྱི་མངོན་འདོད་འགྲུབ་ཐབས་སུ་གོ་སྐབས་དེ་ལྟར་བསྐྲུན་དགོས་པའི་དགོངས་ཚུལ། དེ་བཞིན་དེ་འབྲེལ་གྲངས་ཐོ་ཁ་གསལ་བྱུང་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་སྦྱོང་བརྡར་བསྐྲུན་ཐབས་གནང་རྒྱུ་ཡིན་པ་སོགས་གསུངས་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།