རྡུལ་མཚོན་རྩ་མེད་བཟོ་ཆེད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཁང་ལ་༢༠༡༧ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ།
ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ཚེས་༡༠ ཉིན་ཡུ་རོབ་ནཱོར་ཝེའི་རྒྱལ་ས་ཨོ་སེ་ལོར། རྡུལ་མཚོན་རྩ་མེད་བཟོ་ཆེད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཁང་ལ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་དང་། ལས་འགུལ་ཁང་དེའི་སྤྱི་ཁྱབ་འགན་འཛིན་གྱིས། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ལ་གཞིགས་ན། རྡུལ་མཚོན་བཀག་སྡོམ་བྱེད་པའི་དགོས་འདུན་བཏོན་རྒྱུ་ནི་དེ་སྔོན་དང་མི་འདྲ་བའི་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་འདུག
ལས་འགུལ་ཁང་དེ་ནི་ཐོག་མར་ཕྱི་ལོ་༢༠༠༧ ལོར་ཨོ་སི་ཀྲོ་ལི་ཡར་འགོ་འཛུགས་བྱས་ཡོད་པ་དང་། ད་ལྟའི་ཆར་སུད་སིའི་གྲོང་ཁྱེར་ཇཱི་ནི་ཝར་རྟེན་གཞི་བྱས་ཡོད་འདུག ད་ལྟའི་ཆར་ལས་འགུལ་ཁང་དེར་རྒྱལ་ཁབ་༡༠༠ ལས་མང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་༤༨༦ གིས་མཉམ་སྒྲིལ་ཐོག་ནས་ལས་འགུལ་སྤེལ་བཞིན་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་བ་༡༠ པའི་ནང་མཉམ་སྦྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་། རྒྱལ་ཁབ་༡༢༣ ཡིས་རྡུལ་མཚོན་བཀག་སྡོམ་བྱེད་པའི་ཁྲིམས་ཡིག་གྲོས་མཐུན་ཞིག་འཇོག་ཐབས་སུ་་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༧ ལོའི་ཟླ་༩ པའི་ཚེས་༢༠ བར་དུ་རྒྱལ་ཁབ་༥༠ ཡིས་གྲོས་མཐུན་དེར་མིང་རྟགས་བཀོད་ཡོད་འདུག་ཀྱང་། རྡུལ་མཚོན་ཡོད་པའི་མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་སྟོབས་ཆེན་རྒྱལ་ཁབ་ལྔ་སྟེ་ཨ་རི་དང་ཨུ་རུ་སུ། རྒྱ་ནག ཧྥ་རན་སི། དབྱིན་ཡུལ་བཅས་དང་། དེ་བཞིན་བྱང་ཀོ་རི་ཡས་གྲོས་མཐུན་དེའི་ཆེད་དུ་དམིགས་པའི་གྲོས་མོལ་ལ་མཉམ་ཞུགས་བྱས་མེད་པ་རེད་འདུག འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྡུལ་མཚོན་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱེད་ཡུལ་ཨི་རན་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་འདུག
རྡུལ་མཚོན་བཀག་སྡོམ་བྱེད་པའི་གྲོས་མཐུན་འཇོག་ཐབས་ལ་རྡུལ་མཚོན་རྩ་མེད་བཟོ་ཆེད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཁང་གིས། མཉམ་སྦྲེལ་རྒྱལ་ཁབ་བརྒྱུད་ནས་ལས་འགུལ་ཁྱབ་ཆེན་སྤེལ་ཡོད་འདུག་པ་དང་། གྲོས་མཐུན་དེའི་ནང་རྡུལ་མཚོན་བཟོ་སྐྲུན་དང་བཀོལ་སྤྱོད། ཚོད་ལྟ། ཉར་ཚགས་སོགས་གནས་སྟངས་གང་ཡིན་ལ་མ་ལྟོས་པར་བཀག་འགོག་བྱེད་དགོས་ཀྱི་ཡོད་འདུག ལས་འགུལ་ཁང་དེར་རྒྱབ་སྐྱོར་བྱེད་མཁན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༧གོང་ས་མཆོག་དང་། ཌེ་སེ་མོན་ཀྲུ་ཀྲུ། སྒྱུ་རྩལ་པ་གྲགས་ཅམ་ཨེ་ཝི་ཝི་སོགས་གནས་ཡོད་མི་སྣ་མང་པོ་ཡོད་འདུག
ཟླ་༡༠ པའི་ཚེས་༦ ཉིན་ནོ་སྦེལ་ལྷན་ཚོགས་ཀྱིས་ལས་འགུལ་ཁང་དེས་རྡུལ་མཚོན་བཀོལ་སྤྱོད་བྱས་ཚེ་འགྲོ་བ་མིའི་རིགས་ལ་ཉེན་ཚབས་ཅན་གྱི་མཇུག་འབྲས་འབྱུང་རྒྱུའི་སྐོར་ལ་དོ་སྣང་སླེབས་ཆེད་དུ་གོ་རྟོགས་ཀྱི་ལས་འགུལ་ཁྱབ་ཆེན་སྤེལ་བ་དང་། དེ་བཞིན་རྡུལ་མཚོན་བཀག་སྡོམ་བྱེད་པའི་གྲོས་མཐུན་ཡོང་ཐབས་ལ་ཤུགས་སྣོན་ཚད་མེད་བརྒྱབ་པར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག
གཟེངས་རྟགས་ཀྱི་ཉིན་མོ་དེར་ལས་འགུལ་ཁང་དེའི་སྤྱི་ཁྱབ་འགན་འཛིན་ལྕམ་བྷེ་ཀྲེ་སེ་ཧྥེན་དང་ཉི་ཧོང་གི་རྡུལ་མཚོན་དྲག་རྒོལ་མྱངས་མྱོང་མཁན་ལྕམ་སཱེ་ཚུ་ཐུར་ལོ་གཉིས་ཀྱིས་གཟེངས་རྟགས་བཞེས་ཏེ། རྡུལ་མཚོན་ཡོད་མཁན་གྱི་རྒྱལ་ཁབ་ཚོས་རྡུལ་མཚོན་རྩ་མེད་མ་བཟོས་ན། རང་གཞན་གཉིས་ཀ་རྩ་མེད་འགྲོ་རྒྱུའི་ཉེན་བརྡ་བཏང་ནས། རྡུལ་མཚོན་རྩ་མེད་བཟོ་ཆེད་ཀྱི་གྲོས་མོལ་བྱེད་པའི་དགོས་འདུན་བཏོན་འདུག
བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ལས་གཞི་དེ་མུ་མཐུད་ནས་ཡར་རྒྱས་འགྲོ་བཞིན་པར། ཨ་རིས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་གནོན་ཤུགས་འདྲ་མིན་སྤྲད་བཞིན་ཡོད་པ་དང་། ཕྱོགས་ཕན་ཚུན་དབར་སྡིགས་བསྐུལ་ཡང་བྱེད་བཞིན་པའི་སྐབས་དེར། རྒྱལ་སྤྱིའི་ནང་རྡུལ་མཚོན་གྱི་དམག་བྱུང་སྲིད་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་པ་རེད་དེ། བྱང་ཀོ་རི་ཡས་རྡུལ་མཚོན་དེ་ནི་རང་ཉིད་སྲུང་སྐྱོབ་དང་ཨ་རིའི་རྒྱ་བསྐྱེད་རིང་ལུགས་འགོག་ཐབས་ཡིན་པ་ལས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་བཟོ་ཆེད་མིན་སྐོར་བསྒྲགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།