རྩོམ་རིག་བྱ་དགའ་ཞིག་གི་མཐའ་མའི་འོས་མི་ཁོངས་སུ་ཚེ་རིང་དབྱངས་འཛོམས་ཚུད་འདུག

ཁེ་ན་ཌའི་རྩོམ་རིག་བྱ་དགའ་ཆེ་གྲས་ཞིག་གི་མཐའ་མའི་འོས་མིར་རྩོམ་པ་པོ་ལྔ་འདེམས་ཐོན་བྱུང་བའི་ཁོངས་སུ། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ཚུད་ཡོད་པ་རེད་འདུག 

ཉེ་ཆར་ཟླ་༩ པའི་ཚེས་༢༧ ཉིན་ཁེ་ན་ཌའི་རྩོམ་རིག་བྱ་དགའ་གྷི་ལེར་(Giller Prize)གྱི་ཚོགས་ཆུང་ནས་གསལ་བསྒྲགས་སྤེལ་བར་གཞིགས་ན། འདི་ལོར་བྱ་དགའ་དེའི་ཆེད་དུ་འགྲན་ཞུགས་བྱེད་མཁན་ཐོག་མར་རྩོམ་དེབ་གྲངས་༡༣༨ བྱུང་འདུག་པ་དང་། དེ་དག་ཁྲོད་ནས་རྩོམ་དེབ་ཡག་ཤོས་༡༤ འདེམས་སྒྲུག་བྱས་འདུག དེའི་རྗེས་སུ་མཐའ་མའི་འོས་མིར་དེབ་༥ འདེམས་སྒྲུག་བྱས་པ་ཡིན་འདུག དེ་ཡང་མཐའ་མའི་རྩེ་ཕུད་བྱ་དགའ་ཐོབ་མཁན་ལ་ཨ་སྒོར་འབུམ་གཅིག་ཐོབ་རྒྱུ་ཡིན་ཁར། མཐའ་མའི་འོས་མི་ལྔ་ནང་སླེབས་མཁན་རྩོམ་པ་པོ་གཞན་རྣམས་ལ་ཨ་སྒོར་ཁྲི་གཅིག་རེ་ཐོབ་རྒྱུ་རེད་འདུག 

མཐའ་མའི་འོས་མི་ལྔ་ཡི་ནང་དུ་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་བདམས་ཐོན་བྱུང་འདུག་པ་དང་། ཁོང་གི་བརྩམས་ཆོས་ནི་དབྱིན་ཡིག་གི་བརྩམས་སྒྲུང་རིང་བ་ང་ཚོས་ལུས་ཀྱིས་ས་ཁྱོན་འཇལ་(We Measure the Earth with Our Bodies)ཞེས་པ་དེ་ཡིན་པ་རེད། དེ་ཡང་སྒྲུང་དེབ་འདི་ནི་ཁོང་གི་སྒྲུང་རིང་གྲས་པར་སྐྲུན་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་པས། རྩོམ་རིག་དུས་དེབ་(Publishers Weekly) ཞེས་པ་དེས་དོ་སྣང་བྱེད་དགོས་པའི་རྩོམ་པ་པོ་ཁག་གི་མིང་ཁོངས་སུ་ཚེ་རིང་དབྱང་འཛོམས་བཅུག་འདུག དེ་བཞིན་རྩོམ་རིག་དུས་དེབ་(The Millions) ཞེས་པ་དེས་ཁོང་གི་སྒྲུང་དེབ་འདི་ནི་འདི་ལོར་ངང་སྒུག་ཆེ་ཤོས་བྱེད་པའི་དེབ་གཅིག་ཡིན་སྐོར་བརྗོད་ནས་བསྟོད་བསྔགས་ཆེན་པོ་ཐོབ་བཞིན་འདུག 

སྒྲུང་དེབ་འདིའི་བརྗོད་བྱ་ནི་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་སུ། ལྷ་མོ་དང་ཁོང་གི་སྲིང་མོ་བསྟན་སྐྱིད་གཉིས་བལ་ཡུལ་གྱི་ས་མཚམས་སུ་བྲོས་ཐར་ཡོད་པ་དང་། ཨ་མ་གྲོངས་བ་དང་ཕ་ཡུལ་ཤོར་བའི་དཀའ་སྡུག་འོག་ཏུ་ཚུད་པའི་སྐབས་སུ། བསམ་འཕེལ་ཞེས་པའི་གཞོན་པ་ཞིག་གི་ཨ་ཁུས་རྒྱུན་རིང་ནས་མི་ཚོས་བར་བརླག་སོང་ཡོད་པ་ངོས་འཛིན་བྱེད་བཞིན་པའི་མིང་མེད་པའི་ལྷ་སྐུ་རྙིང་པ་ཞིག་འཁྱེར་ནས་ཡོང་སྐབས་རེ་བ་གསར་པ་ཞིག་སླེབས་པ། ལོ་བཅུ་ཕྲག་ཁ་ཤས་རྗེས་ཁོ་ཚོ་ཁེ་ན་ཌར་གནས་སྡོད་བྱེད་བཞིན་པའི་སྐབས་སུ། ལྷ་མོའི་བུ་མོ་སྒྲོལ་མ་ཡིས་བོད་རིག་པ་ཞིག་ཆགས་ཐབས་བྱེད་བཞིན་པ་དང་། མོས་ལྷ་སྐུ་རྙིང་པ་དེ་ཅ་དངོས་རྙིང་པ་མཁོ་སྒྲུབ་བྱེད་མཁན་ཞིག་གི་མཛོད་ནང་དུ་མཐོང་སྐབས། རང་གི་ཕུགས་བསམ་ལ་ཉེན་ཁ་ཡོད་ཀྱང་། མི་རིགས་ཀྱི་ཆེད་དུ་ག་རེ་བྱེད་འདོད་ཡོད་མེད་ཐག་གཅོད་བྱེད་དགོས་པ་ཆགས་པ་སོགས་སྐོར་ཡིན་འདུག 

ཁོང་གི་སྒྲུང་དེབ་དེ་དངོས་སུ་ཁྲོམ་རར་འདི་ལོའི་ཟླ་༥ པའི་ཚེས་༡༧ ཉིན་ཐོན་ཡོད་པ་དང་། རྒྱལ་སྤྱིའི་བརྒྱུད་ལམ་མང་པོ་ཞིག་གིས་བསྟོད་བསྔགས་ཐོབ་ཡོད་པ་དང་། བརྒྱུད་ལམ་ཁག་གིས་ངེས་པར་དུ་ཀློག་དགོས་པའི་སྒྲུང་དེབ་གི་གྲངས་ཐོའི་ནང་དུ་ཡང་ཚུད་ཡོད་པ་རེད་འདུག 

ཐེངས་འདིར་ཁེ་ན་ཌའི་རྩོམ་རིག་བྱ་དགའ་དེའི་མཐའ་མའི་འོས་མིར་ཚུད་སྐབས། ཁོང་གིས་ངོ་དེབ་ཐོག་ཏུ་ཁོང་མཐའ་མའི་འོས་མིར་འདེམས་ཐོན་བྱུང་སྐབས་མིག་ཆུ་ཤོར་སོང་བ་དང་། མཐའ་མའི་འོས་མིར་འདེམས་ཐོན་བྱུང་མཁན་རྩོམ་པ་པོོ་གཞན་རྣམས་ལ་དགའ་བསུ་ཞུ་ཡི་ཡོད་པ། འདེམས་སྒྲུག་ཚོགས་ཆུང་ནས་ཁོང་གི་དེབ་བདམས་པ་དང་དེའི་ཐོག་འགྲེལ་བརྗོད་ཡག་པོ་གནང་བར་བཀའ་དྲིན་ཆེ་ཞེས་བྲིས་འདུག 

རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ནི་བལ་ཡུལ་དུ་སྐྱེས་ནས་འཚར་ལོངས་བྱུང་བ་དང་། ཕྱིས་སུ་ཁེ་ན་ཌར་གནས་སྤོས་ཀྱིས་རྩོམ་རིག་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་རབ་འབྱམས་པ་དང་། འབྱུང་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།