ལན་མི་རྙེད་པའི་དྲི་བ་ནག་པོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༠ ཕྱི་ལོ་ ༢༠༡༦/༤/༡༣
གཞིས་བྱེས་གཉིས་ཀྱི་རེ་བའི་མིག་འབུར་གཏོད་ས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་དྷ་རམ་ལ་ནི་ད་ལྟའི་ཆར་འཁྲུག་ཆ་ཧ་ཅང་དོད་པོ་ཞིག་ཏུ་གྱུར་ཡོད། སྤྱིར་འོས་བསྡུ་ཆེན་མོའི་སྐབས་སུ་འོས་འགྲན་པ་དང་རྒྱབ་སྐྱོར་པ་ཚོས་ཕན་ཚུན་སྐྱོན་བརྗོད་དང་རྩོད་གླེང་མང་པོ་འགྲོ་བཞིན་ཡོད་པ་དེ་མང་གཙོའི་ལམ་ལུགས་ཀྱི་སྤྱི་སྲོལ་ལྟ་བུ་ཆགས་ཡོད་པ་དང། ལོ་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ཡང་དེ་མཚུངས་བཞིན་འཁྲུག་ཆ་ཆེན་པོ་བྱུང་ཡོད་པ་མ་ཟད། སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་གི་གནས་བབས་ལས་བརྒལ་ནས་རྩོད་གླེང་ཡང་བྱེད་དགོས་བྱུང་ཡོད། འོན་ཀྱང་འོས་བསྡུ་གྲུབ་པའི་རྗེས་སུ་གླེང་ཕྱོགས་དེ་དག་ཀྱང་རྫོགས་དགོས་པ་ལྟ་བུ་ཡིན་ཡང། དེ་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ནི་ཉིན་རེ་ལས་ཉིན་རེ་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་འདུག ༧གོང་ས་མཆོག་གིས་འཕྲོད་བསྟེན་གྱི་སྐོར་ནས་འཐུས་ཤོར་སོང་བའི་བཀའ་སློབ་ཕེབས་པ་དང། གནས་ཆུང་དང་ཚེ་རིང་མཆེད་ལྔ་སྤྱན་འདྲེན་ཞུས་པ་སོགས་ཕྱོགས་ཡོངས་ནས་གླེང་ཕྱོགས་མང་པོ་ཆགས་འདུག
ཉེ་ཆར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་བཀའ་བློན་སྐབས་གཉིས་བསྟུད་མར་བྱས་ནས་ལས་མཇུག་གཙང་བར་ཟླ་གཉིས་ཀྱང་མེད་པའི་སྐབས་སུ་དགོངས་པ་ཞུས་པ་དང། སྐབས་དེར་ཁོང་གིས་“སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ལྗིད་པོ་ཕེབས་པ་དང་། དེའི་ཐོག་གྲོས་ཚོགས་ཚར་རྗེས་གཏང་རག་གི་མཇལ་འཕྲད་ཞུ་སྐབས་ཆོས་སྐྱོང་ཚོས་ཧ་ལས་པའི་བཀའ་ལུང་ལྗིད་པོ་ཕེབས་འདུག དེ་འདྲ་ལ་བརྟེན་ནས་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། འགན་ཁུར་མ་ཐུབ་པའི་གནས་སྟངས་ཀྱི་རྡོག་ཁྲེས་སེམས་ནང་ཡོད་པས། བཟང་སྤྱོད་ཐོག་ནས་དགོངས་པ་གནང་རོགས་ཞེས་ལུགས་དང་མཐུན་པ་བྱས་ཏེ། དེ་རིང་ཞོགས་པ་སྲིད་སྐྱོང་ལ་བཅར་ནས་དགོངས་ཤོག་ཕུལ་བ་དང། ལས་དོན་མཚམས་བཞག་པ་ཡིན”ཞེས་གསུངས་ཡོད་པ་རེད། ཁོང་གིས་གསུངས་པའི་གནས་ཚུལ་དེ་རང་ཡིན་སྲིད་ཀྱང། སྤྱི་ཚོགས་ནང་དེ་ལ་བརྟེན་ནས་ལན་འདེབས་དཀའ་བའི་དྲི་བ་དང་ཐེ་ཚོམ་མང་པོ་ཡོད་པ་མ་ཟད། རྒྱ་གཞུང་གིས་ཀྱང་ཁྲེལ་དགོད་དང་འཕྱ་སྨོད་མང་པོ་ཞིག་བྱེད་བཞིན་འདུག
ཟླ་གཅིག་ལྷག་གི་དུས་ཡུན་ལས་མེད་པས་འགན་མ་ཐེག་པ་གཅིག་པུ་མ་ཡིན་པར། བཀའ་ཤག་གམ་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་སེལ་དཀའ་བའི་རྩོད་རྙོག་ཆེན་པོ་ཡོད་པར་ཚོད་དཔག་བྱེད་མཁན་མང་པོ་འདུག་ལ། ཉེ་ཆར་༧གོང་ས་མཆོག་ཕེབས་བསུ་སྐྱེལ་གྱི་སྐབས་སུའང་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཕེབས་སྲོལ་ཡོད་པ་དེ་བཅར་མི་དགོས་པའི་བཀའ་ཡིག་ཅིག་དགའ་ལྡན་ཕོ་བྲང་ནས་གནང་ཡོད་ཚུལ་ཡང་གོ་རྒྱུ་འདུག་པ་བཞིན། ཕྱི་ཚེས་༡༡ ཉིན་༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཕེབས་བསུར་བཅར་མི་འདུག་པས་གནད་དོན་དེ་ཡང་བདེན་པ་ཡིན་ས་རེད། དེང་སྐབས་བརྡ་འཕྲིན་གྱི་དུས་རབས་ཡིན་སྟབས་བོད་ཕྱི་ནང་གཉིས་ནས་ད་ལྟའི་ཛ་དྲག་གི་གནད་དོན་དེ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང། གནད་དོན་འདི་དག་གི་འབྱུང་རྐྱེན་ངོ་མ་ཡང་རྒྱ་ཆེའི་མི་མང་གི་ངོས་ནས་གསལ་པོ་ཤེས་ཀྱི་མེད་སྟབས། ལན་མི་རྙེད་པའི་དྲི་བ་ནག་པོ་མང་པོ་ཞིག་གཅིག་གིས་གཅིག་ལ་དྲིས་ནས་བསྡད་ཡོད་པ་རེད།
ད་ལན་གྱི་གནས་སྟངས་འདི་ལྟ་བུ་ཞིག་ཡོང་དགོས་པའི་རྒྱུ་མཚན་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་གཅིག་པུ་ལ་བརྟེན་ནས་བྱུང་མེད་ཚོད་རེད་ལ། འོས་བསྡུ་དང་འབྲེལ་བའི་གནད་དོན་ཁོ་ན་ཡིན་ན་རྟ་བརྒྱུགས་ནས་རྗེས་ཀྱང་ཡལ་ཟིན་པ་ཞིག་ལ་ངོས་འཛིན་བྱས་ཀྱང་ཆོག་པ་ཞིག་རེད། འོས་འགྲན་པ་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང། ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གཉིས་ཀྱིས་ཀྱང་མཐུན་སྒྲིལ་བྱེད་ངེས་ཡིན་ཞེས་ལག་འཇུ་དང་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། མི་མང་ལའང་དེ་ལུགས་ཀྱིས་འབོད་སྐུལ་གནང་ཡོད་པ་རེད། འོས་བསྡུའི་ལམ་སྲོལ་གྱི་ཐོག་ནས་མ་འགྲིག་པ་བྱུང་བ་ནི་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་པ་ཁག་རིམ་པས་གཏོང་ཆོག་པ་ཞིག་ཡིན་པས། ད་ལོའི་ནོར་འཁྲུལ་དེ་མ་འོངས་པའི་བསླབ་བྱ་རུ་ལེན་ཆོག་པ་ཞིག་རེད། འོན་ཀྱང་མིག་མདུན་དུ་ཡོད་པའི་དཀའ་ངལ་དེ་དག་ལ་བལྟས་ན་དེ་ལས་ཀྱང་ཛ་དྲག་པའི་གནས་སྟངས་ཤིག་མི་མངོན་པའི་ཚུལ་དུ་མེད་དམ་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་དྲན་ཡོང་བ་ཞིག་རེད།
མདོར་ན་རྒྱ་ཆེའི་མི་མང་གིས་གནད་དོན་ངོ་མ་མ་ཤེས་པར་ནག་ཁུང་ནང་དུ་ཡོད་པ་དང། ལྷ་ཡིས་ལུང་བསྟན་ཡང་མི་ཡིས་ཤེས་པ་དེ་ལས་བརྒལ་མེད་སྟབས་དེས་ཀྱང་ཐེ་ཚོམ་སེལ་ཐུབ་མེད། གང་ལྟར་མི་མངོན་པའི་ཚུལ་དུ་ཛ་དྲག་པའམ་སྤྱི་ཡོངས་ནས་འབ་སུ་མི་འདུས་པའི་གནད་དོན་ཞིག་ཡོད་ནའང་འདྲ། མི་སྒེར་པ་ཞིག་ལ་ནོར་འཁྲུལ་ཚབས་ཆེན་ཞིག་ཡོད་ནའང་འདྲ། རྒྱ་ཆེའི་མི་མང་ལ་གསལ་པོ་བཟོས་ནས་ཐབས་ལམ་འཚོལ་དགོས་ཀྱི་འདུག ཉེ་ཆར་བཀའ་ཟུར་དང་ཚོགས་ཟུར་ཁ་ཤས་ཀྱང་གནད་དོན་དེ་ལ་བརྟེན་ནས་འཛོམས་ཡོད་འདུག་ཀྱང་ཐབས་ལམ་གསར་པ་ཞིག་ནི་ཡོད་ཚོད་མི་འདུག་ལ། བཀའ་སྤྱི་ལྷན་རྒྱས་ཀྱང་ཐེངས་ཁ་ཤས་ཤིག་འཚོགས་ཡོད་ཀྱང་དེ་དང་གཅིག་མཚུངས་ཡིན་ཚོད་འདུག དེར་བརྟེན་དབུ་ལ་བཞུགས་མཁན་དག་གིས་བོད་མིའི་སྒྲིག་འཛུགས་འདི་“ཆགས་ན་ཞོ་དང། མ་ཆགས་ན་ད་ར་”ཞེས་པ་བཞིན་ཡ་ཡུད་ཀྱི་བསམ་བློ་དེ་འདྲ་གཏོང་རྒྱུ་མེད་པ་དང། སློབ་ཕྲུག་ཅིག་སྨན་ཁང་དུ་འགྲོ་སྐབས་དགོངས་པ་ཞུ་རྒྱུ་ལས་ཀྱང་སླ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དགོངས་པ་ཞུ་སྟངས་འདི་ལའང་ཁྲིམས་སྒྲིག་གིས་སྟངས་འཛིན་གང་ཡང་མེད་པ་ཞིག་ཡིན་ནམ།།