ལས་འགུལ་གསུམ་སྤེལ་རྒྱུའི་གྲོས་གཞི་ཐག་གཅོད་བྱུང་འདུག
“ང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱས་ནས་ལོ་༤༣ འགྲོ་ཡི་འདུག མཚམས་རེར་བློ་ཕམ་དང་ཕྱིར་འཐེན་བྱ་དགོས་མིན་འགྲོ་བསམ་པའི་སྐབས། རང་ཉིད་བོད་ཀྱི་རྩ་དོན་དང་བོད་མི་རིགས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས། གང་ཟག་རེ་ཟུང་གི་ཆེད་དུ་མིན་པས། ད་ལྟའི་བར་མུ་མཐུད་རྒྱབ་སྐྱོར་བྱེད་བཞིན་ཡོད་”ཅེས་ལོ་མང་རིང་བོད་ཀྱི་རྒྱབ་སྐྱོར་བ་དང་གསར་འགོད་པ་ཝེ་ཇི་ཀའེ་རན་ཊིས་གསུངས་འདུག

ཟླ་འདིའི་ཚེས་༡༡ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག གླིང་ཕྲན་ཨེ་ཤི་ཡའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་གིས་ཚོགས་ཆེན་ཐེངས་ལྔ་པ་མཇུག་བསྒྲིལ་ཏེ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་རྒྱུུན་ལས་རྣམས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང།
ཚོགས་ཆེན་རིང་ཚོགས་པ་ཁག་གི་ཚོགས་མི་རྣམས་ཀྱིས། བོད་དོན་རྒྱབ་སྐྱོར་བ་གཞན་དང་མཉམ་དུ་ལས་འགུལ་གོ་སྒྲིག་གི་འཆར་འགོད་དང་ཐབས་ཇུས་སོགས་ཀྱི་སྐོར་ལ་སྦྱོང་བརྡར་དང་དང་གྲོས་བསྡུར་བྱས་ཡོད་པ་དང། དེ་བཞིན་ཁོང་རྣམས་པས་གཙོ་བོ་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་བཙོན་པ། བོད་ནང་དུ་ལི་ཐིམ་(lithium)སོགས་གཏེར་ཁ་སྔོག་འདོན། བོད་རྒྱ་གྲོས་མོལ། རྒྱ་གར་གྲོས་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་འཇོག་ཐབས་བཅས་ཀྱི་སྐོར་ལ་གོ་བསྡུར་དང་བགྲོ་གླེང། ལས་འཆར་སོགས་ཞིབ་ཚགས་བྱས་མཐར་མང་མོས་ཐོག ཨེ་ཤི་ཡའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལག་བསྟར་བྱ་རྒྱུའི་ལས་འགུལ་གསུམ་གཏན་འབེབས་བྱུང་འདུག
ལས་འགུལ་དང་པོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་མཉམ་འབྲེལ་བྱས་ཏེ། ཕྱི་ལོ་༢༠༡༦ ཟླ་༧ པའི་ནང་རྒྱ་གར་ལྡི་ལིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་བདུན་ཕྲག་གཅིག་རིང་སྤེལ་འཆར་ཡོད་པ་དང། དེ་བརྒྱུད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོར་བོད་ཀྱི་གནད་དོན་ཐོག་ལས་དོན་སྒྲུབ་རྒྱུ་ནི་རྒྱ་གར་གྱི་ཁེ་ཕན་ལ་ཐུག་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་ཏེ། གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་ཐུབ་པར་སྐུལ་འདེད་བྱ་རྒྱུ་ཡིན་འདུག
ལས་འགུལ་གཉིས་པར་འདི་ལོའི་ཕྱི་ཟླ་༡༢ ཚེས་༧ ནས་༨ བར་ཧྤ་རན་སིར་འཚོགས་གཏན་འཁེལ་བའི། ཀོབ་ཚོགས་ཆེན་(cop21)སྐབས་ཀྱི་ལས་འགུལ་དང་འབྲེལ། རྒྱལ་ས་ལྡི་ལིར་ཞུ་གཏུགས་དང་ལྷན་ཚོགས། གནམ་གཤིས་འགྱུར་ལྡོག་གི་མི་མང་གོམ་བགྲོད་སོགས་ལས་འགུལ་བདུན་གཅིག་རིང་སྤེལ་རྒྱུ་ཡིན་པ་དང། ལས་འགུལ་དེའི་ཁྲོད་རྒྱ་གར་གཙོས་ཉེ་འཁོར་གྱི་རྒྱལ་ཁབ་༩ ཡི་ནང་རྒྱབ་སྐྱོར་བཙལ་ཏེ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡོང་བར་ལས་འགུལ་སྤེལ་རྒྱུ་ཡིན་འདུག
ལས་འགུལ་གསུམ་པར་བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་ཐབས་དང། དེ་བཞིན་བློ་བཟང་བསྟན་འཛིན་ལྟ་བུའི་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་བཙོན་ལས་གློད་ཡོད་ཀྱང། དོན་དངོས་ཐོག་རང་དབང་མེད་པའི་གནས་སྟངས་འོག་ཡོད་པའི་རིགས་ལ་དོ་སྣང་ཡོང་བར་བྱ་རྒྱུ་ཡིན་ཁར། ཁོང་ཚོའི་ལོ་ཐོའི་ནང་བོད་ཀྱི་དཔའ་བོའི་ཉིན་མོ་ཞེས་པ་ཞིག་བཀོད་དེ། ལོ་ལྟར་བོད་ཀྱི་དཔའ་བོའི་ཉིན་མོ་ཞིག་སྲུང་བརྩི་བྱ་རྒྱུ་ཡིན་འདུག
གསར་འགོད་པས་བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལ་དེ་སྔོན་ཚོགས་ཆེན་འབུ་འབྱེད་སྐབས་སུ། འདི་ལོའི་སུམ་ཅུའི་དུས་དྲན་ལ་ནེའུ་ཡོག་དང་རྡ་སར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རང་བཙན་རྩོད་མཁན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བར་ལ་བྱུང་བའི་རྩོད་གཞིའི་ཐོག ཚོགས་ཆེན་དེ་ལ་དཔྱད་ཞིབ་དང་གྲོས་མོལ་བྱེད་རྒྱུ་ཡིན་པར་གསུངས་སོང་པས། དེའི་སྐོར་ལ་གླེང་མོལ་གང་བྱུང་ཡོད་མེད་སྐོར་དྲིས་པར། ཁོང་མོས་སྤྱིར་བཏང་བོད་ཀྱི་རྩ་དོན་ལས་འགུལ་ཐད་འགག་ཆ་མང་པོ་ཞིག་ཡོད་པ་རེད། དཔེར་ན་རྒྱ་ནག་གི་གནོན་ཤུགས་དང་དེ་བཞིན་བོད་པ་ནང་ཁུལ་ལ་ལངས་ཕྱོགས་འདྲ་མིན་གྱི་འགལ་ཟླ་སོགས་ཡོད་པ་རེད་དེ། ཐེངས་འདིའི་ཚོགས་ཆེན་ཁྲོད་ཚོགས་མི་ཚོས་ལངས་ཕྱོགས་མི་མཐུན་པ་ཡོད་ཀྱང་རྩ་དོན་གཙོ་བོ་དེ་བོད་ནང་ལ་ཡོད་པའི་བོད་མི་རྣམས་ཀྱི་རང་དབང་སླར་གསོའི་ཆེད་ཡིན་པས། མཉམ་འབྲེལ་ཐོག་ལས་འགུལ་སྤེལ་ཐབས་སྐོར་ལ་ཟབ་སྦྱོང་དང་གྲོས་མོལ་བྱས་ཡོད་སྐོར་ལན་འདེབས་བྱས་སོང།
མ་ལི་ཤི་ཡ་ནས་སླེབས་པའི་ཚོགས་བཅར་བ་ལོ་ན་ཆུང་ཤོས་ཚེ་རིང་ལ་བཅར་འདྲི་བྱས་པས། ཁོང་གིས་མ་ལི་ཤི་ཡར་བོད་དོན་རྒྱབ་སྐྱོར་ཚོགས་པ་མེད་ཁར། ཚོགས་པ་ཞིག་བཙུགས་པར་རྒྱ་ནག་གི་གནོན་ཤུགས་ཆེན་པོ་ཡོད་པས་དཀའ་ལས་ཁག་པོ་ཡིན་པ་དང། དེ་སྔོན་ཁོང་གིས་རང་ཉིད་ཀྱི་མཐོ་སློབ་ནང་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སོགས་ཀྱི་སྐོར་ལ་འགྲེམས་སྟོན་ཞིག་བྱས་སྐབས། དེ་གར་བོད་ཀྱི་རྒྱལ་དར་དཔྱངས་ཡོད་པས། རྒྱ་ནག་གཞུང་ཚབ་ཀྱི་གནོན་ཤུགས་བརྒྱུད་རྒྱལ་དར་མར་ཕབ་དགོས་བྱུང་བ་དང། དེ་བཞིན་ལུང་པ་དེར་རྒྱ་རིགས་སློབ་ཕྲུག་མང་པོ་ཡོད་ཀྱང། བོད་དོན་སྐོར་ཤེས་མཁན་མེད་པས། རང་ཉིད་དང་རྒྱ་རིགས་མ་ལི་ཤི་ཡའི་མེ་སེར་ཡིན་པ་བོད་དོན་ཐད་ཤ་ཚ་ཡོད་མཁན་གཉིས་ཀྱིས། བོད་དོན་སྐོར་མངོན་གསལ་དོད་པོ་མེད་པའི་ངང་དྲིལ་བསྒྲགས་གང་ཐུབ་བྱེད་ཀྱི་ཡོད་སྐོར་སོགས་དང། ཚོགས་ཆེན་འདིའི་ཁྲོད་མ་འོངས་པར་ལས་འགུལ་ཞིག་སྤེལ་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་གཞན་དང་འབྲེལ་བ་བྱས་ཏེ། ལས་འགུལ་གྱི་རྒྱུ་ཆ་དང་ལམ་སྟོན་སོགས་ལེན་རྒྱུའི་འབྲེལ་བ་བཟོས་ཐུབ་པས་དགའ་པོ་བྱུང་སྐོར་སོགས་འགྲེལ་བརྗོད་བྱས་བྱུང།
ཚོགས་ཐོག་ཏུ་ཚོགས་ཞུགས་པའི་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་དོན་རྒྱབ་སྐྱོར་བ་དང་གསར་འགོད་པ་ཝེ་ཇི་ཀའེ་རན་ཊིས་ “ང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱས་ནས་ལོ་༤༣ འགྲོ་ཡི་འདུག མཚམས་རེར་བློ་ཕམ་དང་ཕྱིར་འཐེན་བྱ་དགོས་མིན་འགྲོ་བསམ་པའི་སྐབས་སུ། རང་ཉིད་བོད་ཀྱི་རྩ་དོན་དང་བོད་མི་རིགས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས། གང་ཟག་རེ་ཟུང་གི་ཆེད་དུ་མིན་པས། ད་ལྟའི་བར་མུ་མཐུད་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཐེངས་འདིའི་ཚོགས་ཆེན་བརྒྱུད་རང་ཉིད་ལ་སེམས་ཤུགས་འཕར་མ་དང། མ་འོངས་པར་བོད་མི་རིགས་ལ་སྐྱིད་པའི་ཉི་མ་ཤར་བའི་རེ་བ་གསར་པ་ཞིག་སྐྱེས་བྱུང།”ཞེས་གསུངས་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།