ལི་བྷི་ཡའི་རྒྱལ་ཁབ་ཏུ་འབར་གས་དྲག་རྒོལ།
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་དགོང་མོར་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལི་བྷི་ཡའི་གྲོང་ཁྱེར་བྷེན་གྷ་ཛི་རུ་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་གི་ཉེ་འཁྲིས་སུ། རླངས་འཁོར་གཉིས་ནང་འབར་གས་དྲག་རྒོལ་བྱུང་ནས། ཉུང་མཐར་མི་༢༧ བསད་ཡོད་པ་དང་། མི་༣༢ ལ་རྨས་སྐྱོན་ཤོར་ཡོད་འདུག
དེ་ཡང་ཉིན་དེའི་དགོང་མོ་ཆུ་ཚོད་༨ དང་སྐར་མ་༢༠ ཡས་མས་ལ། མཆོད་མཇལ་བ་རྣམས་ཀྱིས་དགོང་མོའི་གསོལ་སྨོན་གྲུབ་ནས། ཕྱིར་ནང་དུ་ལོག་བཞིན་པའི་སྐབས་སུ་རླངས་འཁོར་ཞིག་ནང་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་པ་དང་། དེ་བཞིན་སྐར་མ་༣༠ ཙམ་གྱི་རྗེས་སུ་སླར་ཡང་སྲང་ལམ་གྱི་ཕྱོགས་གཞན་དུ་ཡོད་པའི་རླངས་འཁོར་ཞིག་ནང་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་འདུག
འབར་གས་དོན་རྐྱེན་དེའི་འོག་ནས་ཚེ་སྲོག་ཤོར་བའི་ཁོངས་སུ་ཉེས་མེད་ཀྱི་མི་སེར་དང་། གཞུང་གི་དཔུང་དམག་གཉིས་ཀ་ཡོད་འདུག་ཅིང་། ཚེ་སྲོག་ཤོར་མཁན་གྱིི་གྲངས་ཀ་གནས་ཚུལ་གསལ་པོ་ཆགས་རིམ་བཞིན་འཕར་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག
འོན་ཀྱང་། ད་ལྟའི་ཆར་དྲག་རྒོལ་དེར་འགན་ལེན་མཁན་སུ་གང་བྱུང་མེད་པ་དང་། མ་གཞི་ལི་བྷི་ཡའི་ནང་དྲག་རྒོལ་དེའི་རིགས་མང་པོ་ཞིག་ལ་འགན་ལེན་བྱེད་མཁན་སུ་ཡང་མེད་པར། གནས་ཚུལ་རྩད་གཅོད་མ་ཐུབ་ནས་ལྷག་གི་ཡོད་པའི་གནས་ཚུལ་དེ་སྔོན་མང་པོ་བྱུང་ཡོད་འདུག
ཕྱི་ལོ་༢༠༡༡ ལོར་ལི་བྷི་ཡའི་འགོ་ཁྲིད་གྷ་དྷ་ཧྥི་སྲིད་དབང་ལས་གནས་དབྱུང་བཏང་ནས་བཟུང་། ལི་བྷི་ཡའི་ནང་རྙོག་འཛིང་ཆེ་རུ་སོང་ཡོད་འདུག་ཅིང་། གྲོས་ཚོགས་དང་དབང་ཤུགས་ཆེ་བའི་དམག་གི་སྡེ་ཚན་བཅས་སུ་ཤོག་ཁག་གཉིས་རེ་ཆགས་ནས། དབང་ཆ་འཐབ་རྩོད་ཀྱི་རྩོད་རྙོག་ཆེ་རུ་སོང་ནས། འཇིགས་སྐུལ་རིང་ལུགས་པར་དྲག་སྤྱོད་སྤེལ་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་འདུག
མ་གཞི་ལི་བྷི་ཡའི་གྲོང་ཁྱེར་བྷེན་གྷ་ཛི་རུ་ཨེ་སི་སིའི་དྲག་རྒོལ་ཚོགས་པ་དང་། ཀ་ལི་ཧྥ་ཧ་ཧྥི་ཏས་འགོ་ཁྲིད་པའི་ལི་བྷི་ཡའི་རྒྱལ་ཡོངས་དམག་མི་ཚོགས་པ་གཉིས་བར་རྩོད་རྙོག་འགྲོ་མུས་ཡིན་འདུག་ཅིང་། ལི་བྷི་ཡ་རྒྱལ་ཡོངས་དམག་མི་ཞེས་པ་ནི་སོ་སོ་སོས་སོ་སོར་མིང་བཏགས་པ་ཞིག་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།