ལོ་༢༠ རྗེས་ཨ་རིའི་དམག་མི་ཚང་མ་ཨབ་གྷན་ནས་ཕྱིར་འཐེན་བྱེད་འཆར་འདུག

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཟླ་༩ པའི་ཚེས་༡༡ སྔོན་དུ་ཨབ་གྷ་ནི་སེ་ཐན་དུ་ཡོད་པའི་ཨ་རིའི་དམག་མི་ལྷག་མ་རྣམས་ཕྱིར་འཐེན་བྱེད་ཟིན་དགོས་པའི་བཀའ་བཏང་ཡོད་པས། ཐག་གཅོད་དེ་ལ་བརྟེན་ནས་ཨབ་གྷན་གྱི་མ་འོངས་བརྟན་ལྷིངས། གྱེན་ལངས་ཚོགས་པའི་དབང་ཤུགས། བུད་མེད་ཀྱི་ཐོབ་ཐང་། ཨ་རིའི་ཁེ་ཕན་སོགས་ཀྱི་ཐད་ལ་ཚོད་དཔག་བྱེད་དཀའ་བའི་ཉེན་ཁ་མང་པོ་ཞིག་ཐོག་བགྲོ་གླེང་འབྱུང་བཞིན་འདུག 

ཟླ་༤ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༩ པའི་ཚེས་༡༡ ཉིན་ནི་ཕྱི་ལོ་༢༠༠༡ ལོར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨལ་ཁེ་ཌ་ཚོགས་པས་ཨ་རིར་དྲག་རྒོལ་བྱས་ནས་མི་ལོ་༢༠ འཁོར་བའི་དུས་དྲན་ཡིན་པས། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཨབ་གྷན་དུ་འཇིགས་སྐུལ་རིང་ལུགས་པ་འཐབ་རྒོལ་བྱེད་ཆེད་དུ་བཀོད་སྒྲིག་བྱས་པའི་ཨ་རིའི་དམག་མི་ལྷག་མ་༢༥༠༠ ཙམ་ཡོད་པ་རྣམས་ཟླ་༥ པའི་ཚེས་༡ ནས་ཕྱིར་འཐེན་བྱེད་འགོ་བཙུགས་དགོས་པ་དང་། ཟླ་༩ པའི་ཚེས་༡༡ སྔོན་ལ་དམག་མི་ཚང་མ་ཕྱིར་འཐེན་བྱེད་ཟིན་དགོས་པའི་བཀའ་བཏང་ཡོད་པ་རེད། 

ཕྱི་ལོ་༢༠༠༡ ལོར་ཨ་རིར་དྲག་རྒོལ་གྱི་གནད་དོན་བྱུང་རྗེས། ཨ་རིས་ཨབ་གྷན་ནང་ཨལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པ་དང་འཐབ་རྒོལ་ཆེད་དུ་དམག་མི་བཏང་ནས་ད་བར་མི་ལོ་༢༠ འགྲོ་བཞིན་ཡོད་པ་རེད། ཨ་རིའི་བྱ་སྤྱོད་དེར་མོས་མཐུན་མེད་མཁན་ཚོས་ཨ་རིས་ཨབ་གྷན་ལ་བཙན་འཛུལ་བྱས་པ་དང་། དེ་ཡང་རྡོ་སྣུམ་ཆེད་དུ་བཙན་འཛུལ་བྱས་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 

ཨ་རི་གཞུང་གི་མཐོ་རིམ་ལས་བྱེད་གཅིག་གིས་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཐོག་མར་ཕྱི་ལོ་༢༠༠༡ ལོར་ཨབ་གྷན་དུ་དམག་མི་བཏང་སྐབས་སུ་དམིགས་ཡུལ་བཟུང་བ་རྣམས་སྒྲུབ་ཟིན་ཡོད་པ་དང་། ཕྱི་ལོ་༢༠༢༡ ལོར་གདོང་ལེན་དང་ཁ་གཏད་གཅོག་དགོས་པའི་གནད་དོན་རྣམས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་ཡང་གདོང་ལེན་བྱེད་དགོས་པའི་གནད་དོན་ཁག་གི་ནང་དུ་རྒྱ་ནག་དང་འགྲན་སྡུར། ཏོག་དབྱིབས་ནད་དུག་ཁྱབ་གདལ། ཨུ་རུ་སུ། དྲ་ཐོག་བདེ་འཇགས། རྒྱལ་ཁབ་མང་པོའི་ནང་འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་སོགས་ཚུད་ཀྱི་ཡོད་པ་རེད། 

འོན་ཀྱང་ཨ་རིའི་ལོ་རྒྱུས་ནང་ཕྱིའི་རྒྱལ་ཁབ་ཏུ་དམག་མི་བཏང་ནས་དམག་འཐབ་རྒྱུན་རིང་ཆགས་ཀྱི་ཡོད་པའི་ཨབ་གྷན་དམག་དེ་ཕྱིར་འཐེན་བྱས་རྗེས། ཨབ་གྷན་དང་དེའི་ཉེ་འཁོར་གྱི་རྒྱལ་ཁབ་ཁག་ནང་བརྟན་ལྷིངས་ལ་ཉེན་ཚབས་ཡོད་མེད་ཐོག་བསམ་ཚུལ་འདྲ་མིན་ཡོད་འདུག 

རྒྱལ་སྤྱིའི་འབྲེལ་ལམ་སློབ་དཔོན་ཁཱོ་ཧན་གྱིས་ཨབ་གྷན་ནས་ཨ་རིའི་དམག་མི་ཕྱིར་འཐེན་གྱི་ལས་དོན་དེ་ནི། རྒྱལ་སྤྱིའི་ནང་ཨ་རིའི་དབང་ཤུགས་ཆེ་རུ་གཏོང་བ་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་དང་འབྲེལ་ལམ་བསྐྱར་གསོའི་སྔོན་འགྲོའི་ལས་དོན་ཞིག་ཡིན་སྲིད་པ་དང་། དུས་ཡུན་ཐུང་ཐུང་ནང་དམག་མི་ཕྱིར་འཐེན་གྱི་ལས་དོན་དེས་རྒྱལ་སྤྱིའི་ནང་ཨ་རིའི་ཐོག་གདེང་འཇོག་ལ་ཤུགས་རྐྱེན་བཟོ་རྒྱུ་ཡིན་ཁར། རྒྱ་ནག་གཞུང་གིས་བརྗོད་བཞིན་པ་ལྟར་ཨ་རིའི་དབང་ཤུགས་ཉམས་རྒུད་འགྲོ་བཞིན་པའི་རྣམ་པ་ཐོན་རྒྱུ་ཡིན་ཡང་། དེ་ལ་བརྟེན་ནས་ལྡོག་ཕྱོགས་ཀྱི་མཇུག་འབྲས་སུ་ཨ་རིའི་གཞུང་གིས་ཡུག་ཀེ་རན་ནང་དུ་ཨུ་རུ་སུའི་དབང་ཤུགས་རྒྱ་སྐྱེད་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་དྲག་ཤུགས་ལྡན་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་ཡིན་པ།  ཨ་རིའི་སྲིད་འཛིན་སུ་གང་གིས་རྒྱལ་སྤྱིའི་ནང་ཨ་རིའི་དབང་ཤུགས་སམ་སྟོབས་ཤུགས་ཉམས་རྒུད་འགྲོ་བཞིན་ཡོད་པའི་རྣམ་པ་ཐོན་དུ་འཇུག་ཕོད་མི་སྲིད་པས། མཇུག་འབྲས་གལ་ཆེན་ཁག་ཅིག་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས་གལ་ཏེ་ཨ་རིའི་དམག་མི་ཚང་མ་ཨབ་གྷན་ནས་ཕྱིར་འཐེན་བྱས་ཚེ། གྱེན་ལངས་ཤོག་ཁག་ཏ་ལི་བྷན་གྱི་དབང་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། ཨབ་གྷན་གཞུང་ཡང་མགོ་རྟིང་སློག་ཉེན་ཡོད་པ། གལ་ཏེ་དེ་ལྟར་བྱུང་ཚེ་ཨབ་གྷན་ནང་གི་བུད་མེད་ཐོབ་ཐང་དང་། ཨ་རིར་རྒྱབ་སྐྱོར་བྱེད་མཁན་ན་གཞོན་དང་མི་སྣ་མང་པོ་ཞིག་གི་བདེ་སྡུག་གནས་སྟངས་ཛ་དྲག་ཆགས་རྒྱུ་ཡིན་པ། དེ་བཞིན་འཇིགས་སྐུལ་རིང་ལུགས་པའི་དབང་ཤུགས་ཀྱང་ཆེ་རུ་འགྲོ་ཉེན་ཡོད་སྐོར་བརྗོད་བཞིན་འདུག 

དེ་བཞིན་ཨབ་གྷན་ནང་ཨ་རིའི་དབང་ཤུགས་མེད་པ་ཆགས་རྗེས། རྒྱ་ནག་དང་ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་བར་སྟོང་དེར་འཐབ་རྩོད་བྱེད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།