ལྐོག་ཟ་རུལ་སུངས་ནི་རྒྱ་གར་གྱི་ཉིན་རེའི་འཚོ་བའི་གྲུབ་ཆ་ཆགས་ཡོད་འདུག 

༢༠༡༩ ལོའི་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་སྙན་ཐོ་གསར་ཤོས་ལྟར་ན། འདི་ལོར་སྤྱིའི་ཆ་ནས་བརྩིས་ན་རྒྱ་གར་བ་གཉིས་ལས་གཅིག་གིས་གཞུང་འཛིན་མི་སྣར་ལྐོག་རྔན་མ་མཐར་ཡང་ཐེངས་རེ་སྤྲད་པའི་གནས་ཚུལ་བྱུང་ཡོད་འདུག

ཟླ་འདིའི་ཚེས་ ༢༧ ཉིན་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་རྒྱ་གར་རྒྱ་ཡོངས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་སྙན་ཐོ་གསར་ཤོས་ནང་། སྤྱིའི་ཆ་ནས་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེ་ལོ་སྔོན་མ་ལས་བརྒྱ་ཆ་བཅུས་ཉུང་དུ་ཕྱིན་ཡོད་ན་ཡང་། འདི་ལོར་རྒྱ་གར་གྱི་མི་འབོར་ཕྱེད་ཀ་ལྷག་གིས་གཞུང་འཛིན་མི་སྣར་ལྐོག་རྔན་སྤྲད་པའི་གནས་ཚུལ་བྱུང་ཡོད་འདུག 

དེ་ཡང་ཞིབ་འཇུག་གི་སྙན་ཐོ་དེ་ནི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་གྱི་རང་དབང་ཅན་གྱི་ཚོགས་པ་གཉིས་(LocalCircles དང་ Transparency Internation India) ཀྱིས་མཉམ་འབྲེལ་ཐོག་ནས་བཏོན་པ་ཞིག་ཡིན་འདུག་ཅིང་། དྲི་བ་དྲིས་ལན་གྱི་ཞིབ་འཇུག་དེའི་ནང་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་༢༠ ནས་མི་མང་འབུམ་གཉིས་མ་ཟིན་ཙམ་ཞིག་མཉམ་ཞུགས་བྱས་འདུག་པ་དང་། ཁོ་ཚོ་ཕལ་ཆེ་བས་ལས་དོན་སྒྲུབ་ཐབས་གཅིག་རང་ཡོད་པ་ནི་འབྲེལ་ཡོད་ཀྱི་གཞུང་འཛིན་མི་སྣར་ལྐོག་རྔན་སྤྲོད་རྒྱུ་དེ་ཡིན་པ་དང་། ལྐོག་ཟ་རུལ་སུངས་སྟངས་འཛིན་བྱེད་མཁན་གྱི་མི་སྣ་ཚོས་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་སེལ་བའི་འབད་བརྩོན་བྱེད་ཀྱི་མེད་ཚུལ་བཤད་ཡོད་འདུག 

གོང་གི་ཚོགས་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལྐོག་ཟ་རུལ་སུངས་ནི་ད་དུང་ཡང་“རྒྱ་གར་གྱི་ཉིན་རེའི་འཚོ་བའི་གྲུབ་ཆ་”ཡིན་པ་མ་ཟད། ལྷག་པར་དུ་ས་གནས་རིམ་པའི་མི་མང་ཁྲོད་ཁྱབ་གདལ་ཆེན་པོ་ཡོད་སྐོར་བརྗོད་ཡོད་འདུག 

ལྐོག་ཟ་རུལ་སུངས་ཆེ་ཤོས་ཡོང་ས་ནི་ས་ཁང་ཉོ་ཚོང་དང་ཐོ་འགོད་ཀྱི་ལས་དོན་ཡིན་འདུག་སྟེ། ཐེངས་འདིའི་ཞིབ་འཇུག་དེར་མཉམ་ཞུགས་བྱེད་མཁན་གྱི་བརྒྱ་ཆ་༢༦ ཙམ་གྱིས་འབྲེལ་ཡོད་ལས་ཁུངས་དག་ལ་ལྐོག་རྔན་སྤྲད་ཡོད་འདུག་པ་དང་། མཉམ་ཞུགས་བྱེད་མཁན་གྱི་བརྒྱ་ཆ་༡༩ ཡིས་འདི་ལོར་ཉེན་རྟོག་པར་ལྐོག་རྔན་སྤྲད་ཡོད་འདུག་སྟབས། ཉེན་རྟོག་པ་རིམ་པ་གཉིས་པ་ཆགས་ཡོད་འདུག དེ་མིན་ད་རུང་རྒྱ་གར་མི་མང་ཚོས་དཔྱ་ཁྲལ་ལས་ཁུངས་དང་། འགྲིམ་འགྲུལ་ལས་ཁུངས། ས་གནས་འགོ་འཛིན་སོགས་ལའང་ལྐོག་ནས་རྔན་པ་སྤྲད་དེ་སོ་སོའི་ལས་དོན་བསྒྲུབས་ཡོད་འདུག 

ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཚབས་ཆེན་དེ་སེལ་ཐབས་ཆེད། ན་ནིང་རྒྱ་གར་གཞུང་ནས་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཁང་གསར་འཛུགས་བྱས་ཤིང་། གལ་སྲིད་ལྐོག་ཟ་རུལ་སུངས་བྱེད་མཁན་བྱུང་ན། ལོ་བདུན་ལ་བཙོན་འཇུག་དང་སྒོར་མོའི་ཉེས་ཆད་གཅོད་པའི་ཁྲིམས་གསར་པ་གཏན་ལ་ཕབ་ཡོད་མོད། འོན་ཀྱང་མངའ་སྡེ་དང་ས་གནས་གཞུང་གིས་ལྐོག་ཟ་རུལ་སུངས་ཉུང་དུ་གཏོང་བའི་འབད་བརྩོན་བྱས་སོང་ཟེར་མཁན་བརྒྱ་ཆ་༦ ལས་བྱུང་མི་འདུག་པ་དང་། མི་མང་ཕལ་ཆེ་བས་ཡོད་ཚད་སྔར་རྒྱུན་ལྟར་ཡིན་པ་ལས་འགྱུར་བ་གང་ཡང་ཕྱིན་མེད་སྐོར་བརྗོད་ཡོད་འདུག 

འཛམ་གླིང་ཁྱོན་ཡོངས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་ཚད་གཞིའི་ཐོག་ནས་བཤད་ན། འདི་ལོར་རྒྱལ་ཁབ་༡༨༠ ཡི་ཁྲོད་ནས་རྒྱ་གར་ཨང་རིམ་༧༨ ཆགས་ཡོད་འདུག་ཅིང་། དེ་ནི་ལོ་སྔོན་མ་ལས་རིམ་པ་གསུམ་བཟང་དུ་ཕྱིན་པ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།