ལྡི་ལི་གྲོང་ཁྱེར་དུ་མེ་འཁོར་གྱི་འཁོར་སྒམ་༥༠༠ སྨན་ཁང་དུ་བཀོལ་རྒྱུ་རེད་འདུག
རྒྱ་གར་དུ་ཝུའུ་ཧན་ཏོག་དབྱིབས་ནད་པའི་ཁ་གྲངས་ཤུགས་ཆེར་འཕར་ནས་སྨན་ཁང་དང་ཉལ་ཁྲིས་མི་འདང་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། སྲིད་གཞུང་ནས་ཕྱི་ཟླ་༦ ཚེས་༡༤ རེས་གཟའ་ཉི་མའི་ཉིན་རྒྱལ་ས་ལྡི་ལི་ལ་སྨན་བཅོས་མཐུན་རྐྱེན་འཛོམས་པའི་མེ་འཁོར་གྱི་འཁོར་སྒམ་༥༠༠ མཁོ་སྤྲོད་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མཱ་ཤཱ་(Amit Shah) དང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཉིས་མཇལ་འཕྲད་གནང་རྗེས། ནང་སྲིད་བློན་ཆེན་ཁོང་གིས་མེ་འཁོར་གྱི་འཁོར་སྒམ་དེ་དག་ལ་བརྟེན་ནས་རྒྱལ་སའི་ནང་ནད་ཁྲི་༨,༠༠༠ ཙམ་འཕར་སྣོན་འབྱུང་ངེས་ཡིན་སྐོར་བརྗོད་པའི་ཐོག གཞུང་ནས་ལྡི་ལི་གྲོང་ཁྱེར་དུ་ཛ་དྲག་བརྟག་དཔྱད་དང་། དུད་ཚང་ནས་དུད་ཚང་བརྒྱུད་དེ་ས་གནས་མི་མང་གི་འཕྲོད་བསྟེན་ཞིབ་བཤེར། དེ་བཞིན་དབུགས་སྣོན་ལྕགས་རིལ་(oxygen cylinders) དང་དབུགས་ལེན་འཁྲུལ་ཆས་(ventilators) མཁོ་སྒྲུབ་བཅས་བྱས་ཏེ་ནད་ཡམས་ལ་གདོང་ལེན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱ་གར་ནི་འཛམ་གླིང་སྟེང་གི་ནད་པ་མང་ཤོས་ཨང་བཞི་པར་གྱུར་ཡོད་པ་མ་ཟད། ནད་པའི་གྲངས་ཚད་ཀྱང་ཉིན་རེ་བཞིན་ཤུགས་ཆེན་འཕར་བཞིན་ཡོད་དེ། རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱིས་རེས་གཟའ་ཉི་མའི་ཉིན་བསྒྲགས་པའི་གྲངས་ཐོ་ལྟར་ན། ཉིན་དེར་ནད་པ་༡༢,༠༠༠ མ་ཟིན་ཙམ་འཕར་ནས་རྒྱ་གར་རྒྱལ་ཡོངས་ཀྱི་ནད་པའི་གྲངས་ཚད་ཁྱོན་བསྡོམས་དེ་འབུམ་༣ དང་ཁྲི་༢ ལྷག་ཐོན་ཡོད་འདུག
མི་འབོར་ས་ཡ་༢༠ ལྡན་པའི་ལྡི་ལི་རུ་ད་ལྟ་དངོས་སུ་ན་ནས་ཡོད་པའི་ནད་པ་༢༢,༠༠༠ ལྷག་ཅིག་ཡོད་པས། གྲོང་ཁྱེར་དེ་ཏ་མིལ་ན་དྷུ་(Tamil Nadu) དང་། མ་ཧ་ར་ཤི་ཐ་ར་(Maharashtra) མངའ་སྡེ་གཉིས་ཀྱི་རྗེས་སུ་རྒྱ་གར་གྱི་ནད་པ་མང་ཤོས་ཀྱི་ས་ཁུལ་དེ་ཆགས་ཡོད་ལ། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གྱིས་ཕྱི་ཟླ་༧ ཡི་མཇུག་ཏུ་ནད་པའི་གྲངས་ཚད་དེ་ས་ཡ་ཕྱེད་ལས་བརྒལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་སྨྲས་འདུག
གཞན་ཡང་། སྒེར་གྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་པ་རྣམས་སྨན་བཅོས་བྱེད་པའི་འགྲོ་གྲོན་ཤིན་ཏུ་ཆེ་བ་དེར་མི་མང་གིས་སྐྱོན་བརྗོད་དང་འཁང་ར་ཤུགས་ཆེན་བྱུང་དང་འབྱུང་བཞིན་ཡོད་སྟབས། ནང་སྲིད་བློན་ཆེན་ཁོང་གིས་གཞུང་འབྲེལ་ཚོགས་ཆུང་ཞིག་གིས་གནད་དོན་དེར་ཞིབ་བཤེར་བྱེད་པའི་སྒང་ཡིན་པ་དང་། ལྡི་ལི་གྲོང་ཁྱེར་དུ་སྒེར་གྱི་སྨན་ཁང་གི་ཉལ་ཁྲིའི་བརྒྱ་ཆ་༦༠ ཙམ་ནད་ཡམས་ཀྱི་ནད་པ་རྣམས་སྨན་རིན་ཁེ་པོའི་ཐོག་ནས་སྨན་བཅོས་བྱེད་སར་མཁོ་སྤྲོད་དང་། བརྟག་དཔྱད་དང་སྨན་བཅོས་ཀྱི་འགྲོ་གྲོན་བསྐྱར་བཅོས་གཏན་འབེབས་བྱེད་རྒྱུ་ཡིན་ཞེས་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།