ལྷ་སར་ཡུལ་སྐོར་བར་ཅ་ལག་ཙག་ཙིག་འཚོང་མཁན་མི་༦༡ འཛིན་བཟུང་བྱས་ཡོད་འདུག 

    ཕྱི་ཟླ་༥ ཚེས་༡༥ ཉིན་རྒྱ་ནག་གཞུང་འབྲེལ་གྱི་ལྷ་སའི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་ཟེར་བ་དང་ཐང་ཆེན་མངགས་གཏོང་ཁང་ཟེར་བ་མཉམ་ལས་ཀྱིས་རྩེ་སྐོར་དང་བར་སྐོར་རྒྱུད་དུ་ཡུལ་སྐོར་བར་ཨུ་ཚུགས་ཀྱིས་ཅ་ལག་འཚོང་བའི་ཟང་ཟིང་གི་རྣམ་པར་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཟེར་བ་ཞིག་སྤེལ་འདུག་པ་དང་། 

སྐབས་དེར་ཡུལ་སྐོར་བར་ཨུ་ཚུགས་ཀྱིས་ཅ་ལག་འཚོང་བའི་གནད་དོན་ལ་དམིགས་ཡོད་པར་བརྗོད་དེ། རྒྱ་གཞུང་གི་ཉེན་རྟོག་པས་རྩེ་སྐོར་དང་རྫོང་རྒྱབ་ཀླུ་ཁང་སོགས་གཙོ་གནད་ཁུལ་དུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས། ཐར་པར་གཏན་ནས་མི་གཏོང་བའི་ལས་ཀའི་རྩ་དོན་གཞིར་བཟུང་། བྱེད་ཐབས་མི་འདྲ་བའི་ཐོག་ནས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཏེ་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་རྡུང་རྡེག་ཚ་ནན་བཏང་བ་ཡོད་པར་བརྗོད་པ་དང་།

ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཟེར་བ་དེའི་འོག་ནས་རྒྱ་གཞུང་གི་ཉེན་རྟོག་པས་རྩེ་སྐོར་དང་བར་སྐོར་སོགས་སུ་བོད་མི་ཅ་ལག་ཙག་ཙིག་འཚོང་མཁན་དག་ལ་ཁྲིམས་འགལ་ངང་ཡུལ་སྐོར་བར་ཨུ་ཚུགས་ཀྱིས་ཅ་ལག་བཙོངས་པའི་ཉེས་མིང་གཡོགས་ཏེ་མི་༦༡་འཛིན་བཟུང་བྱས་ཡོད་འདུག་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཟེར་བའི་འོག་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མི་༣༦ ལ་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་པ་དང་། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་པར་ཁང་གི་འགན་འཁུར་བ་དང་དེ་བཞིན་ཡུལ་སྐོར་བར་ཨུ་ཚུགས་ཀྱིས་ཅ་ལག་འཚོང་མཁན་༢༥ ལ་བཅའ་ཁྲིམས་དྲིལ་བསྒྲགས་དང་སྐྱོན་བརྗོད་སློབ་གསོ་བརྒྱབ་ཡོད་པར་བརྗོད་འདུག དེ་འབྲེལ་གྱི་བརྙན་ནང་དུ་བོད་མི་འགས་ཡུལ་སྐོར་བ་ལ་མཁོ་བའི་ཅ་ལག་ཙག་ཙིག་སྟོན་སྐབས་གློ་བུར་དུ་ཉེན་རྟོག་པ་སླེབས་ནས་བཀག་འགོག་དང་འཇུ་བཟུང་བྱེད་བཞིན་པ་མཐོང་རྒྱུ་འདུག ལྷ་སར་ལམ་ཟུར་ནས་ཡུལ་སྐོར་བ་ལ་ཕྲེང་བ་སོགས་ཅ་ལག་ཙག་ཙིག་འཚོང་རྒྱུ་ནི་དེར་ཚོང་ཁང་དང་ཁྲོམ་ས་དམིགས་བསལ་མེད་མཁན་བོད་མི་མང་པོ་ཞིག་གི་འཚོ་རྟེན་གཙོ་བོ་ཞིག་ཆགས་ཡོད་པ་རེད།

གཞན་ཡང་ཕྱི་ཚེས་༡༣་ཉིན་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཉེ་ཆར་ལྷ་སའི་ནུབ་ཕྱོགས་སུ་རྒྱུན་ལྡན་མ་ཡིན་པའི་ཤོག་ཁག་གི་འཁྲུག་འཛིང་གི་དོན་རྐྱེན་ཞིག་བྱུང་ཡོད་འདུག་པ་དང་། སྐབས་དེར་མི་གྲངས་བཅུ་ཕྲག་ཁ་ཤས་ལ་རྒྱ་གཞུང་གི་ཉེན་རྟོག་པས་སྲིད་འཛིན་ཆད་པ་བཅད་ཡོད་པར་བརྗོད་འདུག ལྷ་སའི་ཉེན་རྟོག་པས་འཁྲུག་འཛིང་གི་གནས་ཚུལ་དེ་ཕྱི་ཟླ་ལྔ་པའི་ཚེས་བདུན་གྱི་སྔ་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་གྲོང་ཁྱེར་གྱི་ཆང་ཁང་ཞིག་གི་མདུན་དུ་བྱུང་ཡོད་པ་དང་། འཁྲུག་འཛིང་ནང་ཞུགས་མཁན་མི་ཁག་ཅིག་ཡུལ་དངོས་ནས་བྲོས་ཡོད་ཀྱང་། ཉིན་དེའི་རྗེས་སུ་མི་གྲངས་ ༣༡ པོ་ཚང་མ་ཉེན་རྟོག་པས་རྩད་གཅོད་བྱས་ཏེ་བཟུང་ཡོད་པར་བརྗོད་ཡོད་འདུག 

གོང་གསལ་གསར་ཁང་གིས་ལྷ་སར་རྒྱ་གཞུང་གིས་རང་བཙན་ནམ་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ལ་དོགས་ཟོན་དང་དམ་དྲག་ཆེ་དྲགས་པས་དེ་འདྲའི་འཁྲུག་འཛིང་རྒྱག་མཁན་ཉུང་ཉུང་ཡིན་པར་བརྗོད་པ་དང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཉེ་སྔོན་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཁྲེན་ཝུན་ཆིང་བོད་དུ་སླེབས་ཡོད་པ་དང་། ཁོས་བོད་རང་སྐྱོང་ལྗོངས་ཟེར་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ལ། «ཁ་བྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་དགོས་» པ་ནན་སྐུལ་བྱས་ཡོད་པར་བརྗོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།