ལྷོ་ཀོ་རི་ཡའི་ནང་སྲིད་འཛིན་གྱིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་རྗེས་མི་མང་རྣམས་ཧོན་འཐོར་རུ་བཅུག་འདུག
ཁ་སང་གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་ནང་གློ་བུར་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ནས་མི་མང་ཚང་མ་ཧོན་འཐོར་དུ་བཅུག་ཡོད་འདུག་ཅིང་། དེ་ཡང་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་དགོས་དོན་ནི་བྱང་ཀོ་རི་ཡས་ཕྱི་ནས་འཇིགས་སྐུལ་བྱེད་བཞིན་ཡོད་ཚུལ་དང་། ལྷོ་ཀོ་རི་ཡའི་ནང་དུ་བྱང་ཀོ་རི་ཡ་དང་ངན་པ་ལག་འབྲེལ་བྱེད་མཁན་ཡོད་ཚུལ་བརྗོད་ནས་མི་མང་ཧོན་འཐོར་བཅུག་ཡོད་འདུག
ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་ཁང་མང་པོ་ནས་གནས་ཚུལ་ཐོན་གསལ་ལྟར་ན། ལྷོ་ཀོ་རི་ཡའི་འདས་པའི་ལོ་༥༠ ནང་ཛ་དྲག་གི་དྲག་པོའི་ཁྲིམས་གཞི་འདོན་དགོས་པའི་དུས་ཤིག་བྱུང་མྱོང་ཡོད་མི་འདུག་ཀྱང་། ཁ་སང་གཟའ་མིག་དམར་གྱི་ཕྱི་དྲོར་སྲིད་འཛིན་གྱིས་གློ་བུར་དུ་དྲག་པོའི་ཁྲིམས་གཞི་(martial law)ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག སྲིད་འཛིན་གྱིས་ད་ཆར་བྱང་ཀོ་རི་ཡའི་ཕྱི་ནས་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། ལྷོ་ཀོ་རི་ཡའི་རྒྱལ་ནང་དུ་བྱང་ཀོ་རི་ཡ་དང་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཡོད་ཚུལ་བརྗོད་ནས་དྲག་པོའིཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་རྗེས། གྲོགས་ཚོགས་ཀྱི་འཐུས་མི་ཚོ་གྲོས་ཚོགས་ནང་དུ་ཛ་དྲག་གིས་འཛོམས་ནས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་མི་རུང་བའི་འོས་བསྡུ་བྱས་ཡོད་འདུག འོས་བསྡུ་བྱེད་དུས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་ཁྲིམས་འཆར་དེ་ཟག་ཡོད་འདུག སྐབས་དེ་དུས་མི་བརྒྱ་ཕྲག་མང་པོ་གྲོས་ཚོགས་ཀྱི་མདུན་དུ་འཛོམས་ནས་ངོ་རྒོལ་རྒྱ་ཆེར་བྱས་ཡོད་འདུག་ལ། སྲིད་འཛིན་གྱིས་འོས་བསྡུ་དེའི་གྲུབ་འབྲས་ངོས་ལེན་བྱས་ནས་དྲག་པོའི་ཁྲིམས་འཆར་ལག་བསྟར་བྱེད་འཆར་དེ་མཚམས་བཞག་ཡོད་འདུག ད་ཆར་སྲིད་འཛིན་ལ་མི་མང་དང་ཕྱོགས་འགལ་སྲིད་དོན་ཚོགས་པ། སྲིད་འཛིན་ཁོ་རང་གི་སྲིད་དོན་ཚོགས་པའི་ནང་ཁུལ་བཅས་ནས་སྲིད་འཛིན་གྱི་གོ་གནས་ནས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་འདོན་མཁན་མང་པོ་འབྱུང་བཞིན་ཡོད་འདུག་པས། སྲིད་འཛིན་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
གནད་དོན་དེ་ཐོག་མ་གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་བརྗོད་དོན་ལ། ཕྱོགས་འགལ་སྲིད་དོན་ཚོགས་པས་ཁོང་གི་ལས་དོན་རྣམས་ལ་འགོག་རྐྱེན་བཟོ་ཡི་ཡོད་ཚུལ་དང་། བྱང་ཀོ་རི་ཡ་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་ནས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག དེ་རྗེས་དུས་ཚོད་ཐུང་ཐུང་ནང་དམག་མིའི་གནམ་གྲུ་དེ་བཞིན་ཁ་རས་གྱོན་པའི་དམིགས་བསལ་སྦྱོང་བརྡར་ཡོད་པའི་དམག་མི་སོགས་གྲོས་ཚོགས་དང་གཞུང་གི་ལས་ཁུངས་སོགས་ཀྱི་ཉེ་འཁོར་དུ་འབྱོར་ཡོད་འདུག དམག་མི་དེ་དག་གིས་མི་མང་ཚོ་ངོ་རྒོལ་བྱེད་རྒྱུར་བཀག་འགོག་བྱས་ཡོད་འདུག་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་ཀྱང་གཞུང་གིས་དོ་དམ་བྱེད་འགོ་བཙུགས་ཡོད་འདུག སྐབས་དེ་དུས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མང་པོ་འཕྲལ་དུ་ཡོང་སྟེ་མི་མང་གི་སྣེ་ཁྲིད་ནས་ངོ་རྒོལ་འགོ་བཙུགས་ཡོད་འདུག་ལ། སྲིད་འཛིན་ཁོང་རང་ཉིད་ཀྱི་སྲིད་དོན་ཚོགས་པའི་(the conservative People’s Power Party)གྲོས་ཚོགས་འཐུས་མི་མང་པོས་དེ་ནི་ཧ་ཅང་གིས་ནོར་འཁྲུལ་ཆེན་པོ་ཡིན་པས། འཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་ཡོད་འདུག
དྲག་པོའི་ཁྲིམས་གཞི་ཟེར་བ་ནི་རྒྱལ་ཁབ་ནང་དུ་ཕྱི་ཕྱོགས་ནས་བཙན་འཛུལ་རིགས་བྱུང་བ་དང་། རྒྱལ་ཁབ་ནང་དུ་དབང་ཆ་ལ་ཉེན་ཁ་ཆེན་པོ་ཡོང་གི་ཡོད་ཚེ་སྲིད་འཛིན་གྱིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་ཆོག་གི་ཡོད་འདུག དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་རྗེས་རྒྱལ་ཁབ་དེའི་དམག་སྡེ་ལ་དབང་ཆ་ཆེན་པོ་སྤྲད་ནས་ངོ་རྒོལ་བྱེད་མཁན་དང་། སྲིད་དབང་ལ་ཉེན་ཁ་བཟོ་མཁན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཐོབ་ཐང་ཡོད་ཚད་ཕྱིར་བསྡུ་བྱེད་འགྲོ་ཡི་ཡོད་འདུག འོན་ཀྱང་། ཁ་སང་ལྷོ་ཀོ་རི་ཡའི་ནང་སྲིད་འཛིན་གྱིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག་ཀྱང་། གྲོས་ཚོགས་ཀྱི་འཐུས་མི་༣༠༠ ནས་༡༩༠ ཡིས་འོས་བསྡུ་བྱས་ནས་དྲག་པོའི་ཁྲིམས་གཞི་དེ་ཕམ་ཉེས་བཏང་ཡོད་པར་བརྟེན། སྲིད་འཛིན་གྱིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུ་མཚམས་བཞག་ཡོད་འདུག ཐེངས་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་(Yoon Suk Yeol)གྲོས་ཚོགས་ནང་དུ་འོས་བསྡུའི་ལམ་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།