ལྷོ་ཀོ་རེ་ཡའི་ཕྱོགས་འགལ་ཚོགས་པའི་འོས་མི་ཞིག་སྲིད་འཛིན་གསར་པར་བདམས་ཐོན་བྱུང་འདུག

ལྷོ་ཀོ་རེ་ཡའི་ནང་དུ་ཟླ་བ་མང་པོའི་རིང་ཆབ་སྲིད་ཀྱི་རྩོད་རྙོག་བྱུང་བ་སྟེ། སྔོན་གྱི་སྲིད་འཛིན་ནས་གློ་བུར་དུ་དྲག་པོའི་ཁྲིམས་བསྡམས་པའི་གསལ་བསྒྲགས་བྱས་པར་བརྟེན། ཆུ་ཚོད་འགའ་ཤས་རྗེས་སུ་གྲོས་ཚོགས་འཐུས་མི་ཚང་འཛོམས་ཐོག་དྲག་པོའི་དམག་ཁྲིམས་གསལ་བསྒྲགས་བྱས་པ་དེ་མང་མོས་ཀྱི་འོས་བསྡུའི་ལམ་ནས་བཀག་ཅིང་། རྗེས་སུ་ཁོང་སྲིད་འཛིན་ནས་གནས་དབྱུང་བཏང་ཡོད། ཉེ་ཆར་འོས་བསྡུའི་ལམ་ནས་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་ཞིག་སྲིད་འཛིན་གསར་པ་ལ་བདམས་ཐོན་བྱུང་ཡོད་འདུག
ཕྱི་ཚེས་༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ལྷོ་ཀོ་རེ་ཡའི་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་(Lee Jae-myung)ལི་ཇེ་མེ་ཡོང་ལ་འོས་བསྡུའི་ཁྲོད་ནས་རྒྱལ་ཁ་ཐོབ་ཡོད་འདུག ཁོང་རྒྱལ་ཁ་ཐོབ་ནས་ཆུ་ཚོད་འགའ་ཤས་ཀྱི་རྗེས་སུ། ཁོང་གིས་ལྷོ་ཀོ་རེ་ཡའི་མི་མང་ལ་མཐུན་སྒྲིལ་བྱེད་དགོས་པའི་སྐོར་གཏམ་བཤད་སྤེལ་ཏེ་མཛད་སྒོ་དངོས་སུ་འགོ་འཛུགས་བྱས་ཡོད་འདུག ཐེངས་འདིའི་འོས་བསྡུའི་ནང་ཁོང་ལ་བརྒྱ་ཆ་༤༩་༤༢ ཐོབ་ནས་རྒྱལ་ཁ་ཐོབ་ཡོད་འདུག་པ་དང་། དེ་སྔོན་གྱི་གཞུང་འཛིན་ཚོགས་པའམ་ཕྱིར་འཕུད་བཏང་བའི་སྲིད་འཛིན་(Yoon Suk Yeol)ཡོང་སོག་གི་སྲིད་དོན་ཚོགས་པ་ལ་འོས་གྲངས་བརྒྱ་ཆ་༤༡་༡༥ དང་། གཞན་བསྒྱུར་བཅོས་གསར་པའི་སྲིད་དོན་ཚོགས་པ་ཟེར་བ་དེ་ལ་བརྒྱ་ཆ་༨་༣༤ བཅས་ཐོབ་ཡོད་འདུག ཁོང་གི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་གཏམ་བཤད་སྐབས་སུ་ངས་མ་འོངས་པར་ལྷོ་ཀོ་རེ་ཡའི་དམངས་ལ་ཉེན་ཁ་ནམ་ཡང་ཡོང་འཇུག་རྒྱུ་མིན་པ་དང་། མི་མང་ཁ་འཐོར་དུ་འགྲོ་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་སྤེལ་འཇུག་རྒྱུ་མིན་པར་བརྗོད་ནས་དེ་སྔོན་ཕྱིར་འཕུད་བཏང་བའི་སྲིད་འཛིན་(Yoon Suk Yeol)ཡོང་སོག་ལ་ཟུར་ཟ་དང་སྐྱོན་བརྗོད་བྱས་ཡོད་འདུག

ད་ལྟའི་བདམས་ཐོན་སྲིད་འཛིན་གསར་པ་ཁོང་འདས་པའི་དུས་ཡུན་ནང་ཆབ་སྲིད་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་རྩོད་རྙོག་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་ཀྱང་། ཐེངས་འདིར་ཁོང་ལ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་ནི། ལོ་སྔོན་མའི་ཕྱི་ཟླ་༡༢ ཚེས་༣ ཉིན་སྲིད་འཛིན་ཡོང་སོག་གིས་གློ་བུར་དུ་དྲག་པོའི་ཁྲིམས་གསལ་བསྒྲགས་བྱས་ནས་མི་མང་རྣམས་ལ་སེམས་འཚབ་ཆེན་པོ་བྱུང་བར་བརྟེན། མི་དམངས་རྣམས་དེ་སྔོན་གྱི་གཞུང་འཛིན་སྲིད་དོན་ཚོགས་པ་ལ་ཁོང་ཁྲོ་ལངས་ནས་ཕྱོགས་འགལ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཁོང་ལ་འོས་ཕོན་ཆེན་པོ་བླུགས་ཡོད་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་ཡོད་འདུག ད་ལྟ་ལྷོ་ཀོ་རེ་ཡའི་ནང་དཀའ་ངལ་ཆེ་ཤོས་གཅིག་ནི་ཨ་རིའི་སྒོ་ཁྲལ་ལ་བརྟེན་ནས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་ཅིང་། དཔལ་འབྱོར་སླར་གསོ་ཡོང་ཐབས་སུ་བདམས་ཐོན་སྲིད་འཛིན་ཁོང་གིས་འཕྲལ་དུ་ཛ་དྲག་ཚོགས་ཆུང་བཙུགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་པར་བརྗོད་འདུག
བདམས་ཐོན་སྲིད་འཛིན་(Lee Jae-myung)ལི་ཇེ་མེ་ཡོང་ནི། ཕྱི་ལོ་༡༩༦༤ ཟླ་༡༢ ཚེས་༢༢ ཉིན་ལྷོ་ཀོ་རེ་ཡའི་གྲོང་ཁྱེར(Andongཨན་ཌུང་དུ་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་འདུག་ལ། ཁོང་གིས་སྔོན་ཆད་བཟོ་གྲྭའི་ནང་ལས་ཀ་བྱས་མྱོང་ཞིང་། སྐབས་དེར་ཁོང་གི་ལག་པར་རྨས་སྐྱོན་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་ཡོད་འདུག་པ་དང་། ཁོང་(Chung-Ang University)ཁྱུང་ཨང་སློབ་ཆེན་དུ་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་༡༩༨༦ ལོར་ཁྲིམས་ལུགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་རྗེས་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་ཁྲིམས་རྩོད་པའི་ཕྱག་ལས་གནང་། ཕྱི་ལོ་༢༠༠༥ ནས་བཟུང་ཆབ་སྲིད་ནང་འཛུལ་ཞུགས་གནང་མགོ་བཙུགས་ཏེ། ཕྱི་ལོ་༢༠༡༠ དང་༢༠༡༤ ལོར་ལྷོ་ཀོ་རེ་ཡའི་སོ་ནམ་གྲོང་སྡེའི་སྤྱི་ཁྱབ་ཏུ་བདམས་ཐོན་བྱུང་། ཕྱི་ལོ་༢༠༡༧ དང་༢༠༢༢ ལོར་སྲིད་འཛིན་གྱི་འོས་མིར་ལངས་ཀྱང་འོས་བསྡུའི་རྒྱལ་ཁ་ཐོབ་མི་འདུག ཕྱི་ལོ་༢༠༢༥ ལོར་ལྷོ་ཀོ་རེ་ཡའི་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་ཏེ། ཁོང་ལ་འོས་གྲངས་བརྒྱ་ཆ་ ༤༩་༤༢ ཐོབ་སྟེ་སྲིད་འཛིན་དུ་བདམས་ཐོན་བྱུང་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།