སྐབས་བཅུ་དྲུག་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ལེགས་གྲུབ་བྱུང་འདུག

ཟླ་༢ ཚེས་༢༨ ནས་ཉིན་༦ རིང་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༦ པ་དེ་རྒྱ་གར་ལྷོ་ཕྱོགས་བྷེང་ལོ་ལ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་ཡོང་ཐབས་དང་། མྱུར་ཚད་ལྡན་པའི་སྤྱི་ཚོགས་དྲྭ་ལམ་བརྒྱུད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་ཐབས་སོགས་ཁྱོན་བརྗོད་གཞི་ཁག་མི་འདྲ་བ་ ༢༠ ཐོག་གཏམ་བཤད་དང་། ཚོགས་བཅར་བ་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་དང་བགྲོ་གླེང་གནང་ཡོད་པ་དང་། སྐབས་བཅུ་བདུན་པའི་ཚོགས་ཡུལ་སོགས་ཐག་གཅོད་བྱས་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན་སྐབས་བཅུ་དྲུག་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་མཇུག་བསྒྲིལ་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་བཙན་བྱོལ་དུ་ཡོད་པའི་དགོན་སྡེ་ཁག་འདྲ་མིན་ནས་ཕེབས་པའི་སློབ་གཉེར་བ་གྲྭ་བཙུན་ཁག་གཅིག་དང་། རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་ཁྱོན་༡༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག་ལ། འདས་པའི་ཉིན་གྲངས་དྲུག་གི་རིང་ཚོགས་བཅར་བ་ཚོས་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་ཡོང་ཐབས་དང་། མྱུར་ཚད་ལྡན་པའི་སྤྱི་ཚོགས་དྲྭ་ལམ་བརྒྱུད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་ཐབས། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་ཀྱི་ཁྱད་པར་སོགས་ཁྱོན་བརྗོད་གཞི་ཁག་མི་འདྲ་བ་༢༠ ཐོག་གཏམ་བཤད་དང་། ཚོགས་བཅར་བ་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་གནང་ཡོད་འདུག ཐེངས་འདིའི་ཚོགས་ཆེན་ཐོག་མང་མོས་འོས་བསྡུའི་ལམ་ནས་ལོ་རྗེས་མའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བདུན་པ་དེ་ཉིད་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་འཚོགས་རྒྱུ་ཐག་གཅོད་བྱས་ཡོད་འདུག་ལ། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་༡༧ པའི་སྤྱི་ཁྱབ་འབྲེལ་མཐུད་པ་སྨན་རྩིས་ཁང་གི་སློབ་གཉེར་བ་ཚེ་དཔག་རྡོ་རྗེ་དང་། སྐབས་༨ པའི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་པདྨ་རྣམ་རྒྱལ་རྒྱ་མཚོ་བཅས་འདེམས་ཐོན་བྱུང་ཡོད་འདུག  སྤྱིར་བོད་ཀྱི་མཐོ་རིམ་སློབ་མའི་ཕན་ཚུན་བར་ཤེས་ཡོན་བརྗེ་ལེན་དང་ཕན་ཚུན་ངོ་ཤེས་ཡོང་རྒྱུར་དམིགས་ཏེ་ཕྱི་ལོ་༢༠༠༦ ལོར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་མ་དེ་ཚོགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།