སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་འདས་གྲོངས་སུ་ཕྱིན་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་བརྟེན། བཀའ་ཤག་གི་བཀའ་བཀོད་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་པའི་སྲི་ཞུའི་ལས་བྱེད་ཡོངས་ནས་ཉིན་གུང་དུ་སྲིད་སྐྱོང་ཚོགས་ཁང་ནང་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུས་འདུག་ལ། དེ་བཞིན་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱེད་ཡོལ་ཆུ་ཚོད་ ༡ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་འཁོད་དོན། དམ་པ་ཁོང་ནི། ཕྱི་ལོ་ ༡༩༦༢ ཟླ་བ་ ༧ ཚེས་ ༨ ཉིན་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ལོར་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་པ་ཐོན་པ་དང་། ཕྱི་ལོ་ ༡༩༨༥ ལོར་རྩིས་ཀྱི་མཐོ་སློབ་ཐོན། ཕྱི་ལོ་ ༡༩༨༥ ཟླ་བ་ ༨ ཚེས་ ༢༠ ནས་རྩིས་ཞིབ་ལས་ཁུངས་སུ་གནས་བརྒྱད་པ་རྒན་དྲུང་ཐོག་བསྐོ་གཞག ཕྱི་ལོ་ ༡༩༩༢ ཟླ་བ་ ༨ ཚེས་ ༠༡ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ལས་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་བ་ ༠༡ ཚེས་ ༠༡ ནས་གཞུང་ཞབས་ཁུངས་ནས་རྩ་དགོངས་ཞུས་འཁྲོལ། ཕྱི་ལོ་ ༡༩༩༦ ནས་ཕྱི་ལོ་ ༢༠༠༠ བར་ཆོད་གན་ཐོག་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༠ ཟླ་བ་ ༥ པ་ནས་ ༡༡ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩིས་དཔོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༡༡ ནས་རྩིས་ཞིབ་ལས་ཁང་གི་བཀའ་དགོངས་བཞིན་གན་རྒྱའི་ཐོག་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་དང་། བོད་ཕྲུག་ཁྱིམ་སྡེ་ཡན་ལག་སློབ་གྲྭ་ཁག་གི་རྩིས་ཞིབ་དང་། ནང་སྲིད་ཁྱབ་ཁོངས་རྒྱ་གར་བྱང་ཤར་ཁུལ་གྱི་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། འབུམ་ལ་བསྟན་སྒང་གཞིས་ལས་ཁང་བཅས་ཀྱི་རྩིས་ཞིབ་ཞུས། ཕྱི་ལོ་ ༢༠༠༢ ཟླ་བ་ ༢ ནས་ཕྱི་ལོ་ ༢༠༠༤ ཟླ་ ༣ བར་ནང་སྲིད་ལས་ཁུངས་སུ་ཆོད་གན་ཐོག་རྩིས་དཔོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་ནང་ལས་ཞུགས་ཀྱིས་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལས་ཁུར་ཞུས། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༣༠ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༢༥  ཟླ་བ་ ༢ ཚེས་ ༢ ཉིན་གྱི་སྔོ་དྲོའི་ཆུ་ཚོད་ ༥ ཡོལ་ཙམ་ལ་འདས་གྲོངས་སུ་གྱུར་པ་བཅས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།