སྤྱི་རྒྱུ་སྒེར་བདག་བྱ་སའི་ལམ་ཁ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༠ ཡི་ཆེད་བརྗོད།)
སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འོངས་པར་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་མེད་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྔོན་རྩིས་བཀའ་འཁྲོལ་དེ། ལྷན་ཁང་ཁག་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་འགན་འཛིན་ལྷན་ཚོགས་ཀྱིས་སྤྲོད་རྒྱུའི་དགོངས་ཚུལ་གསུངས་ཡོད་པ་དང། དངོས་སུ་འཛིན་སྐྱོང་གི་དྲུང་ཆེ་རྣམ་པས་བཀའ་འཁྲོལ་སྤྲད་ཆོག་པ་ཞིག་བྱ་རྒྱུའི་སྔོན་རྩིས་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡང་ཕུལ་ཡོད། སྲིད་སྐྱོང་གིས་ཁྲིམས་འཆར་དེ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་ཀྱི་ཐབས་ལམ་ཉག་གཅིག་ཡིན་ཚུལ་གྲོས་ཚོགས་དང་སྤྱི་ཚོགས་ནང་ཡང་ཡང་གསུངས་ཡོད་པ་དང། སྤྱི་འཐུས་ལྷན་ཚོགས་ཀྱིས་ལྷན་ཁང་ཁག་གི་སྔོན་རྩིས་བཀའ་འཁྲོལ་སྤྲོད་སྲོལ་དེ་ཡང་རྒྱ་གར་གྱི་ཡུལ་ཁྲིམས་དང་མི་མཐུན་པའི་འགྲེལ་བརྗོད་ཀྱང་གནང་བ་མ་ཟད། གལ་སྲིད་སྔོན་རྩིས་སྒྲིག་གཞི་བསྐྱར་བཅོས་མ་ཐུབ་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་མ་འགྲུབ་པ་ཡིན་ཚུལ་རྣམ་འགྱུར་དྲག་པོ་དང་བཅས་སྡིགས་ར་ཡང་ཡང་བསྐུལ་སོང།
བོད་མིའི་སྒྲིག་འཛུགས་དེ་བཙན་པོ་རིམ་བྱོན་དང་བོད་གཞུང་དགའ་ལྡན་ཕོ་བྲང་བཅས་ཀྱི་ཁྲིམས་མཐུན་རྒྱུད་འཛིན་པ་ཉག་གཅིག་ཡིན་པ་དང། བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་སྲིད་གཞུང་གཅིག་པུར་ངོས་འཛིན་མུ་མཐུད་བྱེད་དགོས་ན། ༧གོང་ས་མཆོག་གི་དགོངས་གཞི་བཞིན་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྲིད་གཞུང་གི་གནས་སྟངས་མུ་མཐུད་གནས་དགོས་པ་དང། དེ་ཡང་ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས་བརྟན་པོར་གནས་དགོས་པ་ནི་དེ་བས་ཀྱང་གལ་གནད་ཧ་ཅང་ཆེན་པོར་གྱུར་ཡོད། བོད་མིའི་སྒྲིག་འཛུགས་དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྟ་བུ་ཞིག་གམ། ཡང་ན་བཙན་བྱོལ་བོད་མིའི་བདེ་སྡུག་ཁོ་ན་ཙམ་ལ་ལྟ་རྟོག་བྱེད་མཁན་གྱི་བདེ་དོན་ཚོགས་པ་ཞིག་ལས། བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་རང་བཞིན་གྱི་སྲིད་གཞུང་ཞིག་ཏུ་བོད་མིའི་སྒྲིག་འཛུགས་རང་ངོས་ནས་ཀྱང་དོན་དུ་ངོས་འཛིན་གང་ཡང་གནང་འཆར་མེད་ན། ད་ལྟ་སྲིད་སྐྱོང་གི་སྔོན་རྩིས་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་མི་བྱེད་ཀ་མེད་ཡིན་སྲིད།
བཙན་བྱོལ་སྤྱི་ཚོགས་དེ་མང་གཙོའི་ལམ་ལུགས་སུ་སྐྱོད་བཞིན་པ་ཡིན་པས། བསམ་ཚུལ་མི་མཐུན་པ་མང་པོ་ཡོང་སྲིད་ལ། དེ་དང་འབྲེལ་བའི་རྩོད་གླེང་ཡང་ཡོང་སྲིད་པ་ནི་ཆོས་ཉིད་རེད། དེ་ལ་བརྟེན་ནས་མ་འོངས་པར་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་གང་ཐད་ནས་མང་གཙོའི་ཀ་བ་གསུམ་དང། དེའི་ནང་ནས་ཀྱང་གྲོས་ཚོགས་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དེ་ཁྲིམས་སྒྲིག་གཏན་འབེབས་གནང་བའི་ས་མཚམས་ལས་བརྒལ་མི་རུང་བ་དང། སྔོན་རྩིས་གཏན་འབེབས་ཀྱི་དབང་ཚད་ཀྱང་སྡེ་ཚན་མི་འདྲ་བ་མང་པོའི་སྐུ་ཚབ་དང་བསམ་བློ་འདྲ་མིན་སྣ་ཚོགས་ཡོད་པའི་སྤྱི་འཐུས་ལྷན་ཚོགས་ཁོ་ནར་སྤྲད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་འགྲོ་དགོས། འཛིན་སྐྱོང་གི་འགྲོ་སྟངས་བྱ་སྤུ་གནོན་ལྟར་ཡིན་པས་སྒང་ནས་བཀའ་གང་གནང་གཤམ་ནས་ངེས་པར་དུ་བྱེད་དགོས་པ་ལས། བཀའ་ཤག་གིས་བཀའ་གནང་བ་དྲུང་ཆེ་རྣམ་པས་དང་ལེན་མི་བྱེད་པ་ཞིག་དུས་ནམ་ཡང་ཡོང་མི་སྲིད་ཅེས་བརྗོད་ཀྱང་འགལ་བ་ཆེར་མེད།
སྔོན་རྩིས་བཀའ་འཁྲོལ་སྤྲོད་མཁན་དང་ལས་དོན་ལག་བསྟར་བྱེད་མཁན་གཅིག་པ་ཡིན་ན། སྟངས་འཛིན་དང་དོ་དམ་བྱེད་མཁན་གཞན་ཞིག་ཧ་ལམ་མེད་པ་ལྟ་བུ་རེད། ད་ལྟ་རྩིས་ཞིབ་ལས་ཁང་ལ་དབང་ཚད་གང་འཚམ་ཡོད་ཀྱང། ཐག་གཅོད་བྱེད་མཁན་གཙོ་བོ་མི་གཅིག་ཡིན། མ་འོངས་པར་རྩིས་ཞིབ་པ་མཁྲེགས་པོ་ཞིག་སླེབས་ན། དེ་དུས་འཛིན་སྐྱོང་གིས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ལྷན་ཁང་ཁག་ལ་རྒྱ་གར་གཞུང་གིས་ཆོག་མཆན་ཐོབ་མཁན་ (Chartered Accountant) གྱིས་རྩིས་ཞིབ་བྱེད་བཞིན་ཡོད་པས། གཞན་གྱིས་རྩིས་ཞིབ་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་མ་ཟད། ཡུལ་ཁྲིམས་དང་འགལ་བའི་འགྲེལ་བརྗོད་ཀྱང་བྱེད་སྲིད་པ་རེད། དེར་བརྟེན་འཛིན་སྐྱོང་ཁོ་ནས་གང་བྱེད་ལྟ་བུ་ལས་མེད་པ་ཆགས་སྲིད་པ་དང། རིམ་པས་ལྷན་ཁང་སོ་སོའི་འགན་འཛིན་ལྷན་ཚོགས་ཙམ་ལས་གཞན་སུ་གཅིག་ལ་བསྟུན་མི་དགོས་པར་འགྱུར་སྲིད་པ་མ་ཟད། དེ་ཡང་ཁེ་ཕན་ཕྱོགས་གཏོགས་རེ་ཟུང་ཁོ་ནའི་དབང་བསྒྱུར་འོག་འགྲོ་རྒྱུའི་ཉེན་ཁ་ཡོད།
མདོར་ན་ཆུ་སོང་ཡང་ཟམ་པ་གནས་དགོས་ཞེས་པ་ལྟར། འཛིན་སྐྱོང་གི་འགན་ཁུར་མཁན་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་བཅས་དུས་ཐུང་ནང་འགྱུར་བ་འགྲོ་ངེས་ཡིན་ནའང། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གཞི་རྟེན་གཙོ་བོ་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་དགོས་པ་དང། དེ་ཡང་གང་ཟག་རེ་ཟུང་དང་ཁེ་ཕན་ཕྱོགས་གཏོགས་རེ་ཟུང་གི་དགོས་མཁོ་ཙམ་མིན་པར། བོད་གཞིས་བྱེས་གཉིས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཤིག་མུ་མཐུད་དུ་གནས་ཐབས་བྱེད་དགོས་པ་འཛིན་སྐྱོང་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀའི་འགན་རེད། ལྷག་པར་དུ་ཁྲིམས་བཟོའི་ལས་དོན་གྱི་འགན་སུ་ལ་ཡོད་ཀྱང་དེ་རང་ལ་གཏན་འབེབས་ཐག་གཅོད་གནང་དང་མི་གནང་གི་དབང་ཚད་ཆ་ཚང་ཡོད་པ་ལས། འཛིན་སྐྱོང་གིས་སྡིགས་ར་བསྐུལ་བ་དང་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བ་ཙམ་གྱིས་ཁ་ཕྱོགས་ལ་འགྱུར་བ་གཏོང་ཐུབ་པ་ཞིག་གཏན་ནས་མ་རེད་ལ། འདི་ཡང་དོན་གྱིས་ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས་ལས་བརྒལ་སོང་བ་ཞིག་རེད།།