སྤྲུལ་སྐུའི་ཕུང་པོ་ད་དུང་རྩིས་སྤྲད་མེད་འདུག

ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གི་མནར་གཅོད་འོག་བཙོན་ཁང་ནས་སྐུ་གྲོངས་པའི་དོན་རྐྱེན་བྱུང་བ་དང་། ཟླ་འདིའི་ཚེས་༡༣ ཉིན་ནས་ལི་ཐང་རྫོང་དང་ཉག་ཆུ་རྫོང་ཁོངས་སུ་རྒྱ་གཞུང་གིས་དམག་མི་མང་དུ་བཏང་སྟེ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

དེ་ཡང་རྒྱ་གཞུང་གིས་སྤྲུལ་སྐུ་བཙོན་ཁང་ནས་ག་འདྲ་གྲོངས་པ་གསལ་སྟོན་བྱས་མེད་པ་མ་ཟད། ཕུང་པོ་ནང་མིར་རྩིས་སྤྲོད་མ་བྱས་པར་བརྟེན། ལི་ཐང་རྫོང་ཁོངས་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་ཚོས་སྤྲུལ་སྐུའི་ཕུང་པོ་རྩིས་སྤྲོད་དགོས་སྐོར་བརྗོད་དེ། རྒྱ་ནག་གཞུང་ལ་ཞུ་གཏུག་ཡོང་ཐབས་བྱེད་ཀྱི་ཡོད་ནའང་། རྒྱ་གཞུང་གིས་ས་གནས་ཁག་གི་མི་མང་འདུ་འཛོམས་ཀྱི་འགྲོ་ལམ་བཀག་འགོག་བྱེད་ཀྱི་ཡོད་པ་རེད། སྤྲུལ་སྐུའིི་དགོན་པ་ཡོད་སའི་ཉེ་འཁྲུས་ཀྱི་ལམ་མདོ་ཚང་མར་དམག་མི་ཧ་ཅང་མང་པོ་བཞག་པ་མ་ཟད། གནམ་མདའ་བརྒྱབ་སྟེ་མི་མང་ལ་འཇིགས་སྐུལ་བྱས་ཏེ། འདུ་འཛོམས་བྱེད་མི་ཆོག་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕུང་པོ་རྩིས་ལེན་སར་གྲྭ་པ་དང་བཙུན་མ་ཁག་ཅིག་གཏོང་དགོས་སྐོར་བརྗོད་ཡོད་འདུག་ལ། ཡང་ཁ་སང་ཁྲིན་ཏུའུ་ཡི་བཙོན་ཁང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་ནས་སྐུ་ཚབ་འཐུས་མི་གཉིས་རེ་གཏོང་དགོས་སྐོར་ཡང་བརྗོད་ཡོད་འདུག

གང་ལྟར་སྤྲུལ་སྐུ་སྔོན་མ་ནས་བཙོན་འོག་ནས་སྐུ་གཟུགས་སྐྱོ་པོ་ཆགས་པ་དང་། སྙིང་གི་ན་ཚ་ཕོག་ཡོད་འདུག་ལ། དེ་བས་ད་ཐེངས་ཆེད་དུ་རྒྱ་གཞུང་གི་ངན་ཇུས་འོག་ནས་སྐུ་བཀྲོངས་པ་ཡིན་པར་འབྲེལ་ཡོད་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
སྐུ་གྲོངས་པའི་སྐོར་གྱི་གནས་ཚུལ།
གསར་འགོད་པ་ཆོས་ཉིད་འོད་ཟེར།