སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཚོགས་འདུ།

ཟླ་འདིའི་ཚེས་༡༢ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པ་དེ་འཚོག་བཞིན་ཡོད་པ་དང་། ཚོགས་འདུ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆོས་དོན་དྲུང་ཆེ་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། ཆོས་ལུགས་དང་འབྲེལ་བའི་ཚིག་མཛོད་དང་དེ་མིན་གྱི་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་མིང་ཚིག་ཚུད་པའི་ཚིག་མཛོད་སྒྲིག་རྒྱུའི་འཆར་གཞི་ཡོད་པ་བཞིན། ཆོས་བརྒྱུད་ཁོངས་སོ་སོར་རྩོམ་སྒྲིག་པ་ཆེད་འཛུགས་ཀྱིས་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་ལས་འཆར་དེ་ལོ་དགུའི་ནང་ཚར་འཇུག་འཆར་ཡོད་པ་རེད།

རྩོམ་སྒྲིག་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་ཀྱིས། ད་ལྟ་སྨོན་ལམ་ཚིག་མཛོད་དེ་ཀུ་ཤུ་ཁ་པར་ཨེ་ཕད་ཌི་ནང་གཅིག་པུར་བེད་སྤྱོད་བྱེད་མཁན་མི་ས་ཡ་གཉིས་ལྷག་གིས་བེད་སྤྱོད་བྱས་ཡོད་པ་དང་། དེའི་ནང་ནས་བརྒྱ་ཆ་མང་བ་བོད་ནང་ནས་སྤྱོད་བྱས་ཡོད་སྐོར། སྤྱིར་བཏང་བོད་ཡིག་བེད་སྤྱོད་བྱེད་མཁན་ས་ཡ་བརྒྱད་ཙམ་ཡོད་སྐོར་འགྲེལ་བརྗོད་བྱས་སོང་། དེ་བཞིན་སྐད་བརྡ་རིག་པའི་ཐོག་མཁས་དབང་སྨོན་ལམ་ཚིག་མཛོད་ཆེན་མོར་རྒྱལ་སྤྱིའི་སློབ་སྟོན་ཚོགས་ཆུང་བཙུགས་ཡོད་པ་དང་། ཁོང་གིས་མི་ཚེ་གང་བོར་དེའི་ཐོག་ལས་དོན་བྱས་ཏེ། རིམ་པས་རྒྱལ་སྤྱིའི་ཚིག་མཛོད་སྤྱིའི་འགྲོ་སྟངས་ལྟར་ཁ་སྣོན་དང་བཟོ་བཅོས་གཏོང་བཞིན་འགྲོ་དགོས་པ་ཟད། མི་རབས་ནས་མི་རབས་རྒྱུན་མཐུད་དེ་ཚིག་མཛོད་ཡར་རྒྱས་ཡོང་ཐབས་བྱེད་དགོས་སྐོར་གསུངས་སོང་ལ། ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམས་བརྗེ་པོ་མང་པོ་ཐེབས་པའི་དཀའ་ངལ་ཡོད་སྐོར་ཡང་གསུངས་སོང་།

ད་སྔ་བར་སྨོན་ལམ་ཚིག་མཛོད་ཐོན་རིམ་གཉིས་པར་ཐ་སྙད་འབུམ་གཉིས་ཤིག་འདོན་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་དང་། སྔ་མའི་ཚིག་མཛོད་ནང་མེད་པའི་ཐ་སྙད་ཁྲི་བཞི་ལྷག་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། ཡིག་རྙིང་ཁག་ཏུང་ཧོང་ཡིག་ཆ་ཁག་ཀློག་གླད་ནང་བཅུག་གི་ཡོད་སྐོར། ཚིག་མཛོད་རིག་པའི་གཞུང་ལུགས་རྩོམ་སྒྲིག་བྱེད་འཆར་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།